གདམ་ག་ཚོགས་པ་སྒོ་རྒྱག་རྒྱུ་ཡིན།

ཕྱི་ཟླ་༥ ཚེས་༣༠ ཉིན་གདམ་ག་ཚོགས་པས་དྷ་སར་གསར་འགོད་ལྷན་ཚོགས་ཤིག་བསྐོང་སྟེ། ༢༠༠༧ ནས་ལོ་དྲུག་རིང་ཚོགས་པས་སྲིན་འབུ་འཁྲུག་པའི་ནད་གཞིའི་སྐོར་མི་མང་ལ་གོ་རྟོགས་སྤེལ་བ་དང་ནད་པར་ལྟ་རྟོག་སོགས་ཀྱི་ལས་གཞི་སྤེལ་བའི་སྙན་ཐོ་པར་བསྐྲུན་གྱིས་དབུ་འབྱེད་གནང་བ་མ་ཟད་།   འདམ་ག་ཚོགས་པ་འདི་ལོའི་ཕྱི་ཟླ་༨ཚེས་༡ནས་བཟུང་སྒོ་རྒྱག་རྒྱུ་གསལ་བསྒྲགས་གནང་སོང་།

༢༠༠༧ ཕྱི་ཟླ་༤ ཚེས་༡༠ ནས་འགོ་ཙུགས་པའི་འདམ་ག་ཚོགས་པ་དེས་འདས་པའི་ལོ་དྲུག་རིང་བཙན་བྱོལ་ནང་ཡོད་པའི་སློབ་གྲྭ་དང་དགོན་པ། སྨན་ཁང་མང་པོའི་ནང་ནད་གཞི་འདིའི་སྐོར་ཟབ་སྦྱོང་༡༦༢ དང་ལྷོ་ཕྱོགས་གཞི་ཆགས་ཁག་ཏུ་གནས་པའི་བོད་མི་རྣམས་ལ་ནད་གཞི་འདིའི་སྐོར་གོ་རྟོགས་སྤེལ་བ། ནད་པར་དཔལ་འབྱོར་གྱི་རོགས་རམ་སོགས་ཀྱི་ལས་གཞི་དུ་མ་སྤེལ་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

སྨན་པ་བསྟན་འཛིན་རྣམ་སྒྲོལ་གྱིས་གསུང་བཤད་གནང་པའི་ནང་། སྔོན་མ་ཚོགས་པ་འགོ་ཚུགས་སྐབས་ནད་གཞི་འདིའི་སྐོར་སྤྱི་ཚོགས་ནང་ཤེས་རྟོགས་ཞེ་དྲག་མེད་པར་བརྟེན། ང་ཚོས་བོད་པའི་སྤྱི་ཚོགས་ནང་གོ་རྟོགས་སྤེལ་རྒྱུ་གཙོ་འཛིན་བྱས་ཏེ། བོད་མི་གནས་སྡོད་བྱེད་པའི་ས་ཆ་མང་པོར་ཟབ་སྦྱོང་བརྒྱུད་ནད་གཞི་འདིའི་སྐོར་ངོ་སྤྲོད་བྱས་ཡོད་པ་རེད་། ཕྱིས་སུ་ང་ཚོས་ནད་པ་དང་འབྲེལ་ཡོད་ནང་མིར་དཔལ་འབྱོར་གྱི་རོགས་རམ་དང་ནད་པའི་བུ་ཕྲུག་རྣམས་སློབ་གྲྭར་མ་ཚུད་པའི་དཀའ་ངལ་རྣམས་སེལ་ཐབས་ཀྱི་ལས་འགུལ་མང་པོ་ཞིག་སྤེལ་ཡོད་པས།      ད་ལྟའི་བར་ནད་པ་བཞི་བཅུ་དང་ཁོང་ཚོའི་ནང་མིར་ཚོགས་པ་འདི་བརྒྱུད་དཔལ་འབྱོར་གྱི་རོགས་རམ་བྱེད་བཞིན་ཡོད་ལ། མ་འོངས་པར་མུ་འཐུད་རོགས་རམ་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།

མུ་འཐུད་གསུང་བཤད་སྐབས། དེང་སྐབས་འཕྲོད་བསྟེན་ལས་ཁུངས་ཀྱིས་བོད་མི་གནས་སྡོད་ས་གནས་ཁག་ཏུ་ནད་གཞི་འདིའི་སྐོར་གོ་རྟོགས་སྤེལ་བ་དང་ནད་པར་སྨན་བཅོས་དང་རོགས་རམ་གང་ལེགས་གནང་གི་འདུག་པས། ང་ཚོས་ལས་ཀ་ཉིས་བརྩག་བྱས་དེ་ཕན་ཐོགས་ཇི་ཙམ་ཡོད་པའི་བསམ་ཚུལ་བྱུང་ལ།   དཔལ་འབྱོར་གྱི་ཐད་ནས་ཀྱང་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་འདུག་པས། ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས་གྲོས་བསྡུར་ཐེངས་མང་གནང་རྗེས་འདི་ལོ་ཕྱི་ཟླ་༨ཚེས་༡ནས་ཚོགས་པ་སྒོ་རྒྱག་རྒྱུའི་ཐག་གཅོད་གནང་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་སོང་།

སྤྱི་འཐུས་བློ་བཟང་ཡེ་ཤེས་ཀྱིས་སྤྱི་ཚོགས་ནང་ནས་ནད་གཞི་འདི་མེད་པར་བཟོ་བར་དཀའ་ངལ་ཆེ་ཤོས་ནི་སྤྱི་ཚོགས་ནང་ནད་གཞི་འདིར་ལྟ་ཚུལ་དང་ནད་པ་རྣམས་ལ་མཐོང་ཆུང་བྱེད་པ་སོགས་ཡིན་སྐོར་བརྗོད་སོང་།               བོད་ནང་དུ་ཆ་ཞག་ན་ནད་གཞི་འདིའི་ཐད་ཤེས་རྟོགས་མེད་པ་དང་བོད་ནང་དུ་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་སླེབས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་ཀྱང་ནད་གཞི་འདིའི་ཐད་གོ་རྟོགས་སྤེལ་རྒྱུ་སོགས་གལ་ཆེན་པོར་མ་རྩིས་པར་བརྟེན་ད་ལྟ་ཛ་དྲག་གི་གནས་སྟངས་ཆགས་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

ཚོགས་པའི་ལས་ཁུངས་འགན་འཛིན་ཕུན་ཚོགས་ཆོས་འཕེལ་གྱིས་༢༠༠༧ ནས་ད་བར་འདམ་ག་ཚོགས་པའི་ལྟ་རྟོག་འོག་ ནད་པ་༡༡༨ ཙམ་བྱུང་ཡོད་པ་དང་ནད་པ་༡༧ འདས་གྲོངས་སུ་ཕྱིན་ཡོད་པའི་སྐོར་འགྲེལ་བརྗོད་བྱས་སོང་།།