དཀའ་ངལ་ཆེ་བའི་སྐབས་འདིར་ཐག་གཅོད་འདི་རྒྱལ་ཁ་རེད།

tyc2_2013_6_1བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་བཅོ་ལྔ་པ་དེ་ཟླ་འདིའི་ཕྱི་ཚེས་༡ ཉིན་མཚན་མོ་དབུས་རྒྱུན་གསར་པའི་ལས་ཁུར་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་སྟེང་ས་གནས་ཁག་༨ ཀྱི་ཚོགས་ཞུགས་པ་ཚོས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་དགོས་སྐོར་བརྗོད་དེ། ཚོགས་འདུར་ཞུགས་མེད་ན་ཡང་། གཞོན་ནུའི་ལངས་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུར་གཏན་འབེབས་བྱུང་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་དགོང་དྲོའི་ཆུ་ཚོད་༧།༣༠ཀྱི་སྟེང་འདས་པའི་ཉིན་དྲུག་རིང་ཚོགས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་བཅོ་ལྔ་པ་མཇུག་སྡོམ་གྱི་མཛད་སྒོ་ཞིག་ངྷ་སའི་མེག་གྷན་ཁི་ལོབ་ (Club House)གསོལ་མགྲོན་ཁང་དུ་འཚོགས་སོང་ལ། མ་འོངས་པར་གཞོན་ནུའི་ལས་དོན་བྱེད་ཕྱོགས་དང་། ༧གོང་ས་མཆོག་གི་སྐུ་ཕྱྭ། དེ་བཞིན་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་སོགས་བརྗོད་གཞི་ཁག་ཅིག་གི་ཐོག་གྲོས་ཆོད་བཞག་ཡོད་པ་རེད།

 

tyc2_2013_6_1

དབུས་རྒྱུན་གསར་འདེབས་བྱུང་བ་དང་། གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཚོགས་འདུ་མཇུག་བསྡོམས་ཀྱི་གསུང་བཤད་སྐབས། ཁོང་རང་ཐོག་མར་ཨ་རིའི་ནས་བོད་མིའི་སྤྱི་ཚོགས་ནང་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ཆེད་ལས་ཀ་བྱ་སར་ཡོང་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་། དེ་བཞིན་འདས་པའི་ལོ་ངོ་༦ རིང་སོ་སོའི་ངོས་ནས་གང་ཐུབ་ཀྱིས་བོད་མིའི་རྩ་དོན་ཆེད་འབད་བརྩོན་བྱས་ཡོད་སྐོར་དང་འབྲེལ་གསུང་དོན། “བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ཧ་ཅང་རྩ་ཆེན་པོ་ཞིག་དང་ལོ་རྒྱུས་ཀྱི་བརྒྱུད་རིམ་ཡོད་པའི་སྒྲིག་འཛུགས་ཤིག་རེད། ད་ལྟ་རྣམ་པ་ཚོ་ལས་ཀྱི་སྣེ་མོ་བ་ཆགས་ཡོད་སྟབས། ཕྱག་ལས་གནང་སྐབས་ལྷག་བསམ་རྣམ་དག་གིས་བསྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱི་པའི་ལས་ཀ་བྱེད་སྐབས་དཀའ་ངལ་འདྲ་མིན་ཡོང་སྲིད་ཀྱང་དེ་དག་ལ་གདོང་ལེན་བྱ་དགོས་པ་རེད། སྤྱི་པའི་སྡིངས་ཆར་ཕྱག་ལས་གནང་སྐབས། སྒེར་ཕར་བཞག་སྟེ་སྤྱི་པའི་འཐབ་རྩོད་རྩ་ཆེན་པོར་རྩིས་ཏེ་ལས་ཀ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲའི་བསམ་བློའི་ཐོག་ཕྱག་ལས་གནང་བ་ཡིན་ན། དུས་ཡུན་ག་ཚོད་ཕྱག་ལས་གནང་ཡོད་མེད་ལ་མ་ལྟོས་པར་རང་ཉིད་ལ་སྤོབས་པ་དང་གདེང་ཚོད་ཡོང་གི་རེད། སྤྱི་པའི་སྡིངས་ཆའི་ཐོག་སྒེར་གྱི་འདོད་འདུན་ཁུར་བ་དང་། ལྷག་པར་དུ་སྤྱི་པའི་སྡིངས་ཆ་སྒེར་གྱི་ཆེད་བེད་སྤྱོད་བྱས་ཚེ་འགྲིག་ཡོད་མ་རེད། སྤྱི་པའི་སྡིངས་ཆ་དེ་སྤྱི་པ་རང་གི་ཆེད་དུ་བེད་སྤྱོད་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་རེས་ང་ཚོས་ལས་ཡུན་འཁྱོལ་འགྲོ་གི་ཡོད་ཀྱང་ང་ཚོའི་སྒྲིག་འཛུགས་འདི་རྩ་ཆེན་པོ་ཡིན་སྟབས། འབྱུང་འགྱུར་ཡང་སོ་སོའི་ངོས་ནས་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་གི་ཡིན་ལ། ཁྱེད་རང་ཚོའི་ངོས་ནས་གོ་སྐབས་འདི་སྐལ་བཟང་གི་གོ་སྐབས་ཤིག་ཏུ་ངོས་འཛིན་བྱ་དགོས་པ་རེད། ལྷག་པར་དུ་ཉག་ཕྲ་བའི་གནས་སྟངས་འདིར་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱས་ཏེ་ལྷག་བསམ་རྣམ་དག་གནང་བ་ཡིན་ན། གང་ཇིའི་ཐད་ནས་ལས་སླ་བོ་ཡོང་གི་རེད་སྒྲིག་འཛུགས་འདིར་རྒྱ་ནག་གཞུང་གིས་གཏོར་བཤིག་གཏོང་རྒྱུའི་ཐབས་ཤེས་ཡོད་རྒུ་འདོན་བཞིན་ཡོད་པ་རེད། ད་རེས་ང་ཚོའི་ངོས་ནས་སྤྱི་ཁྱབ་དབུས་རྒྱུན་གསར་འདེམས་བྱུང་བ་དེ་གཞོན་ནུའི་རྒྱལ་ཁ་མིན་པར། བོད་མི་ས་ཡ་དྲུག་གི་འཐབ་རྩོད་ཀྱི་རྒྱལ་ཁ་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད” ཅེས་དང་། དེ་བཞིན་ཁོང་གིས་བོད་ནང་ཛ་དྲག་གི་གནས་སྟངས་དང་བསྟུན་ཏེ་བོད་མི་མི་རེ་ངོ་རེ་ནས་འགན་ཁུར་གྱིས་རྩ་དོན་འཐབ་རྩོད་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།

tyc1_2013_5_1མཐར་ཚོགས་གཙོ་གསར་པ་བསྟན་འཛིན་འཇིགས་མེད་ཀྱིས་ལས་ཁུར་དམ་འབུལ་ཞུས་པ་གསུང་བཤད་གནང་སྐབས། “ང་རང་ལ་མཚོན་ན་མེ་ནེ་སོ་ཊ་ནས་ཚོགས་འདུ་འདི་རྩ་ཆེན་པོ་དང་ཛ་དྲག་ཏུ་བརྩིས་ཏེ་ཡོང་བ་ཡིན། འདི་འདྲའི་གནས་སྟངས་ཆགས་ཀྱི་རེད་བསམ་མ་སོང་། ཕྱིར་འགྲོ་བའི་གནམ་གྲུའི་འཛིན་བྱང་ཡང་ཉོས་ཚར་ཡོད། ཡིན་ནའང་། ང་རང་གི་ངོས་ནས་གལ་ཆེ་ཤོས་དང་རྩ་ཆེ་ཤོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་ཆགས་ཡོད་པ་དང་། ལས་ཀ་བྱེད་རྒྱུར་དཀའ་ངལ་ཚང་མར་ཡོད་སྟབས་ངས་དགོངས་པ་ཞུ་སྟངས་ཤེས་མ་སོང་། ཚོགས་མི་ཚང་མས་ཡིད་ཆེས་དང་རེ་བ་གནང་སྟེ་ང་རང་འདིར་སླེབས་ཡོད་པ་རེད། ང་རང་ངོས་ནས་ཁྱེད་རྣམ་པའི་ཡིད་ཆེས་དང་རེ་བ་འཕྲོ་བརླག་མི་འགྲོ་ཆེད་འབད་བརྩོན་ཞུ་རྒྱུ་ཡིན། ད་རེས་དཀའ་ངལ་ཆེ་ཤོས་ཤིག་གི་སྐབས་སུ་སྒྲིག་འཛུགས་འདིའི་ལངས་ཕྱོགས་དང་དམིགས་ཡུལ་ཐག་བཅད་པ་རེད། འདི་ང་ཚོའི་སྒྲིག་འཛུགས་ཀྱི་རྒྱལ་ཁ་རེད་བསམ་གྱི་ཡོད། མ་འོངས་པར་དབུས་དང་ས་གནས་ཚང་མས་རྒྱབ་སྐྱོར་དང་རྡོག་རྩ་ཆིག་སྒྲིལ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་མི་བཅུས་དམིགས་བསལ་བྱེད་ཐུབ་པ་གང་ཡང་ཡོད་པ་མ་རེད། ཚང་མས་འགན་འཁུར་དགོས་ཀྱི་ཡོད་པ་རེད། མ་འོངས་པར་གཞོན་ནུའི་ཚོགས་མི་ཡིན་མིན་ལ་མ་ལྟོས་པར་རྒྱབ་སྐྱོར་གནང་རོགས” ཞེས་གསུངས་སོང་།

tyc3_2013_5_1གྲོས་ཆོས་ཁག་ནི། བོད་ཀྱི་གཞོན་ལྷན་གྱི་དམིགས་ཡུལ་གཞིར་བཞག་ཐོག་བོད་རང་བཙན་སླར་གཙོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་སྤེལ་ཆེད། ས་གནས་ཁག་དང་མཐོ་སློབ་ཁག་ཏུ་ཟབ་སྦྱོང་སྤྲོད་ཐབས་དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཚོའི་སྐུ་པར་དང་ཞལ་ཆེམས་སོགས་བརྙན་དེབ་དང་གློག་བརྙན་བཟོ་རྒྱུ་དང་སྐད་རིགས་འདྲ་མིན་ནང་བསྒྱུར་ཏེ་ཁྱབ་བསྒྲགས་ཡོང་ཐབས། ༧གོང་ས་མཆོག་གི་སྐུ་ཕྱྭའི་ཆེད་དུ་འགན་ཁུར་ཞུ་ཕྱོགས། དོ་རྒྱལ་ཚོགས་པའི་༧གོང་ས་མཆོག་ལ་ངོ་རྒོལ་སྐབས་༧གོང་ས་མཆོག་གིས་ལམ་སྟོན་བཀའ་སློབ་གནང་བ་ཁག་འགྲེམས་སྤེལ། པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་ཐབས། བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རྩོམ་ཡིག་འགྲན་སྡུར་དང་བགྲོ་གླེང་གོ་སྒྲིག་གི་ལས་འགུལ། མང་གཙོ་སྲ་བརྟན་དང་སྤྱི་ཚོགས་སྲ་བརྟན་དང་གོང་སྤེལ་ཡོང་ཐབས་གྲོས་ཆོད་བཞག་ཡོད་པ་རེད། དེ་བཞིན་བོད་རང་བཙན་འཐབ་རྩོད་པ་ཁག་ཅིག་གིས་གསར་འཛུགས་བྱས་པའི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ལ་གཞོན་ལྷན་གྱི་ངོས་ནས་དེ་སྔོན་འབྲེལ་བ་བྱས་མེད་ལ། མ་འོངས་པར་ཡང་བྱེད་རྒྱུ་མིན་སྐོར་གྱི་གྲོས་ཆོད་བཞག་ཡོད་པ་རེད།