དཔའ་རྒོད་ལགས་་་་་ཁྱོད་གང་དུ་ཡོད།
མགོ་ནག་པའི་དཔའ་རྒོད་ལགས
དེ་རིང་ལྟས་ངན་འུག་པའི་ངུ་ངག་ཞིག་གིས
ཁྱོད་གར་སོང་ཆ་མེད་ལ་གྱུར་འདུག་ཟེར
སྐད་ཆ་དེས
ངའི་ཡ་ཆུང་སྙིང་ལ་གྲི་བཙུག་པ་ལྟར
བཟོད་དཀའ་བའི་ཚོར་སྣང་ཞིག་བྱིན
མུན་པས་བཀླུབས་པའི་འཇིག་རྟེན་འདི་ནས
ཁྱོད་ཀྱི་ནགས་ཁྲོད་འགྲིམས་ནས
སེང་ཕྲུག་་ཚོའི་ཚེ་སྲོག་དང་ལས་དབང་ལ་དམིགས
ཁྱོད་རང་ལ་དག་པའི་ཡོད་ཚད་བསྐྱུར་ནས
ཕ་ཡུལ་ལ་བློ་སེམས་ཕྱོགས་པའི་ཁྱོད
འདི་ལྟར་གོ་མེད་ཚོར་མེད་བརླགས་ཐལ
འཇིག་སུ་རུང་བའི་འཕྲང་ལམ་འདི་ནས
མགོ་ནག་པར་ཁྱོད་འདྲ་བའི་དཔའ་རྒོད་ཉུང་འདུག
སེམས་བསམ་པའི་དུང་བ་ཡོད་ཚད་ཁྱོད་ལ་ཕྱོགས་ནས
ངས་ཁྱོད་ཀྱི་ཚེ་སྲོག་ལ་བར་ཆད་མེད་པའི་སྨོན་ལམ་ཡོད
ངའི་སྙིང་ཉེ་བའི་འཐབ་གྲོགས་ལགས
ང་ནམ་ཡང་ཁྱོད་ཀྱི་རྒྱབ་ན་ཡོད
ཞུམ་མེད་ཀྱི་སྙིང་སྟོབས་རི་རྒྱལ་ལས་མཐོ་བའི་སེང་གེ་ངོ་མ
ཁྱོད་ཀྱི་རྐང་རྗེས་རེ་རེ་ལ་ངས་མིག་ཟུང་གི་གཅེར་ནས་ཡོད
ཁྱོད་ཀྱི་ཕུགས་བསམ་ནི་ངའི་ཕུགས་བསམ་ཡིན་ལ
མགོ་ནག་པ་ཡོད་ཚད་ཀྱི་ཕུགས་བསམ་ཀྱང་ཡིན
དེས་རྐྱེན་པས
ཁྱོད་འདི་ལྟར་ནམ་ཡང་བརླགས་མི་ཉེན
ཨ་སྒོར་ཡོ་སྒོར་གྱིས་བཟི་བའི་བཙན་བྱོལ་བ་ཚོར
ཁྱོད་ཀྱིས་མིག་དཔེ་བསྟན་པར་དད་གུས་དང་ཡི་རང་ཡོད
ངས་སྔོན་མ་ཁྱོད་ལ་འདི་འདྲ་ཞིག་བཤད་མྱོང
ཕེབས་དང་ཕེབས་དང
ནམ་ཞིག་ཁྱོད་ཀྱི་རང་ཉིད་ཀྱི་ཕ་ས་མཐོང་ངེས
སྐད་ཆ་འདི་དེ་རིང་སྐྱར་དུ་ངས་ཁྱོད་ལ་བཤད་པ་ཡིན།། །།