མདོ་ཁམས་འཇང་དགུན་ཆོས་ཆེན་མོ།

ཟླ་འདིའི་ཚེས་ ༡༠ ཉིན་བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། ཁམས་རྟའུ་ཉ་མཚོ་དགོན་ཐོས་བསམ་དར་རྒྱས་གླིང་དུ་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་སྐབས་ལྔ་པ་དེ་དངོས་སུ་འགོ་འཛུགས་གནང་ཡོད་པ་རེད་འདུག

དེ་ཡང་ས་གནས་ནས་གནས་ཚུལ་མཁོ་སྤྲོད་པས་བཤད་པ་ལྟར་ན། དེ་རིང་ཕྱི་ཟླ་ ༦ པའི་ཚེས་༡༠ ཉིན་ཁམས་རྟའུ་ཉ་མཚོ་དགོན་ཐོས་བསམ་དར་རྒྱས་གླིང་དུ་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་སྐབས་ལྔ་པ་དེ་བཞིན་དངོས་སུ་འགོ་འཛུགས་གནང་ཡོད་པ་དང་། སྐབས་འདིའི་འཇང་དགུན་ཆེན་མོར་མཉམ་ཞུགས་གནང་མཁན་ནི་མདོ་ཁམས་ཁུལ་གྱི་རི་བོ་དགེ་ལྡན་པའི་དགོན་སྡེ་ཁག་ ༦༡  གི་དགེ་འདུན་པ་ཞལ་གྲངས་ ༣༢༠༠ ལྷག་མཉམ་འཛོམས་བྱུང་ཡོད་པ་དང་། ཟླ་འདིའི་ཚེས་༡༠ ནས་ཚེས་ ༢༠ བར་གྱི་ཉིན་༡༠ རིང་ལ་འཚོགས་རྒྱུ་ཡིན་འདུག

mmexport1370862573685འབྲེལ་ཡོད་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། འདི་ལོར་འཇང་དགུན་ཆོས་ཆེན་མོ་ཁམས་རྟའུ་ཉ་མཚོ་དགོན་དུ་འཚོགས་ཐུབ་པ་ནི་རླབས་ཆེ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཏུ་བརྩི་བཞིན་ཡོད་པ་དང་། འདས་པའི་ལོ་རྒྱུས་ནང་རྟའུ་ཉ་མཚོ་དགོན་པ་དེ་དགེ་འདུན་པ་སྟོང་ཕྲག་བརྒལ་བའི་འདུས་སྡེ་ཞིག་ཏུ་གྱུར་མྱོང་བའི་གནས་ཚུལ་ཡོད་ནའང་། ད་ལོའི་འཇང་དགུན་ཆོས་ཆེན་མོ་ལྟ་བུའི་དགོན་ཁག་མང་པོ་མང་པོ་དང་དགེ་འདུན་ ༣༢༠༠ ལྷག་མཉམ་འཛོམས་བྱུང་བ་ནི་ལོ་རྒྱུས་ནང་ཐོག་མར་གྱུར་ཡོད་པ་རེད་ཅེས་བརྗོད་སོང་།

ད་ཐེངས་ཀྱི་འཇངས་དགུན་ཆོས་ཆེན་མོ་འདི་ལ་ས་གནས་རྟའུ་རྫོང་སྲིད་གཞུང་གི་ངོས་ནས་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། འཇང་དགུན་ཆོས་འཚོག་བཞིན་པའི་སྐབས་མངོན་གསལ་དུ་འདྲ་པར་དང་བརྙན་པར་ལེན་ཆོག་གི་མེད་པ་རེད་འདུག་ལ། གཞན་ཡང་ཉ་མཚོ་དགོན་དང་། རྟའུ་རྫོང་གི་གྲོང་ཁྱེར་གང་སར་སྔར་ལས་ལྷག་པའི་མངོན་གསལ་མ་ཡིན་པའི་སྒོ་ནས། སྒྲིག་ཆས་མ་གྱོན་པའི་ཉེན་རྟོག་པ་དང་། དམག་མིས་གསང་ཉུལ་དང་། སྐོར་སྲུང་བྱེད་བཞིན་ཡོད་སྐོར་ཡང་བརྗོད་སོང་།

ཡིན་ནའང་། རྟའུ་ཉ་མཚོ་དགོན་པའི་འཇང་དགུན་ཆོས་གྲ་སྒྲིག་ཚོགས་པའི་ངོས་ནས་འཇང་དགུན་ཆོས་ཆེན་མོ་འདི་ནི། བོད་བརྒྱུད་ནང་པའི་ཆོས་ལུགས་ཁོ་ནའི་བྱེད་སྒོ་ཞིག་ཡིན་པར་བརྟེན་རྒྱལ་ཁབ་ཀྱི་ཁྲིམས་དང་། ས་གནས་མི་མང་གི་བདེ་འཇགས་སོགས་གང་གི་ཐད་ནས་ཀྱང་དཀའ་ངལ་འཕྲད་ཀྱི་མེད་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཁོ་ན་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་འཇང་དགུན་ཆོས་ལམ་ལྷོང་ཡོང་དགོས་པ་དང་། དེ་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། ཐུན་མོང་མ་ཡིན་པའི་རྣམ་པ་ལྡན་དགོས་པ་ཞིག་ཏུ་ངོས་འཛིན་བྱས་སྟེ། འཇང་དགུན་ཆོས་ཀྱི་བྱེད་སྒོ་དེ་བཞིན་སྔར་གྱི་ལམ་ལུགས་དང་མཐུན་པར་རྩོད་གྲྭའི་འཆད་ཉན་ཚུལ་བཞིན་བྱེད་པ་དང་། དེ་དང་འབྲེལ་བའི་ཡུལ་མི་དད་ལྡན་སེར་སྐྱ་མི་མང་མཇལ་སྐོར་བ་དང་། དགོན་པའི་འབྲེལ་ཡོད་ལས་བྱེད་པ་སོགས་སུ་ཡིན་ན་ནའང་། དགོན་པར་ཆོས་མཇལ་བྱེད་པ་དང་། དགོན་པར་ཞབས་ཕྱི་བྱེད་མཁན་ཚང་མས་ངེས་པར་དུ་བོད་ཆས་སྤྲས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པ་བྱེད་ཀྱི་ཡོད་པ་རེད་འདུག

རྟའུ་ཉ་མཚོ་དགོན་ཐོས་བསམ་དར་རྒྱས་གླིང་ནི་བོད་ཀྱི་ལོ་རྒྱུས་ཁྲོད་བོད་ཁམས་ཁུལ་དུ་རི་བོ་དགེ་ལུགས་པའི་ཆོས་སྡེ་སམ་ཧོར་དགོན་སྡེ་བཅུ་གསུམ་དུ་གྲགས་པའི་ཡ་གྱལ་ཞིག་ཡིན་པ་དང་། དེ་ཡང་བོད་རབས་བྱུང་ ༡༡ པ་ཕྱི་ལོ་ ༡༦༦༢ ལོར་ཧོར་ཆོས་རྗེས་ངག་དབང་ཕུན་ཚོགས་མཆོག་གི་ཕྱག་བཏབ་པ་དང་། ད་ལྟ་དགེ་འདུན་པ་༣༠༠ ལྷག་རྒྱུན་སྡོད་ཀྱིས་བོད་ཀྱི་ནང་བསྟན་རིག་པའི་གཞུང་ལུགས་སྤྱི་དང་། བྱེ་བྲག་བོད་ཀྱི་རིགས་གནས་དང་བཅས་ལ་སློབ་གཉེར་བྱེད་བཞིན་པ་རེད་འདུག །

མེ་སོར་གསར་འགོད་པས།