དབུས་གཞོན་ལྷན་ནས་ག་རེ་ལབ་པ་དེར་ངོས་ལེན་ཞུ་ཐུབ་ཀྱི་མི་འདུག

རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བོད་ཀྱི་གཞོན་ནུ་ལྷ་ཚོགས་ཀྱིས་ས་རྒྱུན་ལྔ་ཉེ་ཆར་འཚོགས་ཟིན་པའི་དྷ་ས་དབུའི་གཞོན་ལྷན་ཚོགས་ཆེན་སྐབས་༡༥ པའི་ཐོག་ཚོགས་བཅར་བྱས་པ་དང་། སྐབས་དེའི་ཚོགས་ཆེན་ཐོག་གཞོན་ནུའི་ལངས་ཕྱོགས་རྒྱུན་གནས་དགོས་མིན་གྱི་གནས་སྟངས་ཐོག་དགོངས་ཚུལ་མ་མཐུན་པའི་གནད་དོན་བྱུང་ཡོད་པ་ཙམ་དུ་མ་ཟད།

ཚོགས་མི་ཁག་གཅིག་ཚོགས་ཐོག་ནས་ཕྱི་ལོགས་སུ་ཐོན་ཡོད་པ་བཅས་ཀྱི་སྐོར། ཟླ་འདིའི་ཚེས་༡༡ ཉིན་གྱི་སྔ་དྲོ་ས་གནས་གཞོན་ལྷན་ཚོགས་གཙོ་པདྨ་ཚེ་རིང་གི་གཙོས་རྒྱུན་ལས་རྣམས་ཀྱིས་མོན་གྷོ་ས་གནས་གཞོན་ལྷན་ཚོགས་ཁང་དུ་ས་གཞོན་ཚོགས་མི་ཡོངས་བསྡུ་བསྐུང་གི་གཞོན་ནུའི་ཚོགས་ཆེན་སྐབས་ཀྱི་བྱུང་རིམ་ངོ་སྤྲོད་བྱས་ཡོད་པ་རེད།

སྐབས་དེར་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་ཆེད་དུ་གཏོང་གནང་བའི་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་གནད་དོན་དེ་དང་འབྲེལ་བའི་གསལ་བཤད་གནང་བའི་གློག་བརྙན་མི་མང་ལ་གཟིགས་འབུལ་གནང་བ་ཙམ་དུ་མ་ཟད། བཀའ་སློབ་ནང་ནས་ཚན་པ་ཁག་གཅིག་མི་མང་ལ་འགྲེལ་བརྗོད་འབྲེལ་མོན་གྷོ་ས་གནས་གཞོན་ནུ་ཐུན་མོང་གིས་སྔ་རྗེས་སུ་བཞག་པའི་གྲོས་ཆོད་ཁག་གི་ཐོག་ནས་ནམས་ཡང་འགྱུར་མེད་ཀྱི་དམ་བཅའ་བརྟན་པོ་ཡོད་དགོས་སྐོར་ཡང་གསུངས་སོང་།

སྐབས་དེར་མོན་གྷོ་ས་གཞོན་ཚོགས་གཙོ་པདྨ་ཚེ་རིང་ལ་གཞོན་ལྷན་ཚོགས་ཆེན་ཐོག་ཟམ་གདོང་རིན་པོ་ཆེས་གསལ་བཤད་ཀྱི་མཐའ་མའི་མཇུག་བསྡོམས་སྐབས་གལ་སྲིད་གཞོན་ལྷན་གྱི་ཚོགས་ཆེན་མཇུག་སྐྱོང་སོགས་མ་ཐུབ་པ་ཡིན་ན་གཞོན་ལྷན་རང་གི་འགན་རེད་མ་གཏོགས།   དགའ་ལྡན་ཕོ་བྲང་དང་༧རྒྱལ་བ་རིན་པོ་ཆེར་དེའི་ངན་ཁག་གཡོག་རྒྱུ་ཡོད་པ་མ་རེད་ཅེས་གསུང་འདུག་ན་ཁྱེད་རང་གིས་བཀའ་སློབ་དེའི་དགོངས་དོན་གང་འདྲ་ལེན་གྱི་ཡོད་དམ་ཞེས་དྲིས་པར།

པདྨ་ཚེ་རིང་གིས་ལན་འདེབས་གནང་དོན། ང་ཚོའི་ཚོགས་འདུའི་ནང་བྱུང་བའི་གནས་ཚུལ་དེའི་ཐོག་དམིགས་བསལ་ལངས་ཕྱོགས་ཀྱི་སྐད་ཆ་གཅིག་ཀྱང་བཤད་སའི་གོ་སྐབས་བྱུང་ཡོད་མ་རེད།   གཙོ་བོ་ཚོགས་འདུའི་གཙོ་སྐྱོང་གིས་སྟེངས་འཛིན་བྱེད་སྟངས་ཀྱི་ཐོག་ལ་འདོད་བློ་མ་ཁེངས་བ་བྱུང་ཡོད་སྐོར་དང་དབུས་རྒྱུན་གྱི་གྲོས་ཆོད་དོན་ཚན་གསུམ་ནང་ནས་དང་པོ་གཉིས་ལ་རྒྱབ་སྐྱོར་དང་།   མོས་མཐུན་ཡོད་ཀྱང་དོན་ཚན་གསུམ་པ་དེ་བོད་ཀྱི་གཞོན་ལྷན་ཚོགས་པའི་དམིགས་ཡུལ་དོན་ཚན་བཞི་བ་དེ་རེད།  རྩ་བའི་ཁྲིམས་ཀྱི་གྲུབ་ཆའི་ནང་ལོགས་ཡ་མཚན་པོ་འདྲ་ཞིག་ཡོད་རེད།  གོང་དུ་༧སྐྱབས་མགོན་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་དང་འོག་ཏུ་ལྟ་བ་དང་ལངས་ཕྱོགས་བཤད་ཡོང་དུས་ཏག་ཏག་མ་བསྡད་པའི་གནས་སྟངས་བཅས་ཀྱི་ཐད་ནས་བཤད་རྒྱུའི་གོ་སྐབས་རག་མེད་ཀྱང་ཚོགས་ཐོག་ནས་ཕྱི་ལོགས་སུ་ཐོན་དགོས་དོན་རྒྱུ་མཚན་སོགས་ཀྱི་ཐད་ལན་འདེབས་གནང་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་ང་རང་ཚོའི་སྤྱི་ཚོགས་འདིར་གལ་ཆེན་པོ་ཡིན་སྐོར་བཤད་ཀྱི་ཡོད་པ་རེད།  ནང་ཁུལ་ལྟ་བ་ལངས་ཕྱོགས་ཏོག་ཙམ་མཐུན་མིན་སྒང་ནས་སྒྲིག་འཛུགས་འདི་ཁ་ཆག་སྣ་ཧྲལ་སོང་བ་ཡིན་ན་ང་རང་ཚོར་གྱོང་གུད་ཆེན་པོ་ཐེབས་ཀྱི་ཡོད་པ་རེད་དམ་ཞེས་དྲིས་པར།

ཁོང་གིས། སྒྲིག་འཛུགས་གལ་ཆེན་པོར་བརྩི་ཡི་ཡོད།  ཡིན་ན་ཡང་སྒྲིག་འཛུགས་གལ་ཆེན་པོ་ཡིན་པ་ཙམ་གྱི་ཁོ་རང་ཚོས་ག་རེ་གསུངས་པ་གཅིག་པུ་ལ་བལྟས་ནས་འགྲོ་དགོས་པའི་གནས་སྟངས་ཤིག་མེད་པའི་ཟོ་འདྲ་ཞིག་རེད། ང་ཚོ་ཚོགས་ཞུགས་པ་ཙམ་མིན་པར་ཚོགས་མི་མང་ཚོགས་ཀྱི་མངོན་འདོད་ད་ལྟའི་ཆར་བོད་ཀྱི་ཛ་དྲག་གནས་སྟངས་དེ་སྐྱོབ་པའི་ཆེད་༧གོང་ས་མཆོག་གི་དགོངས་གཞི་ཟེར་ན་མི་འདུག  རང་གཞུང་གིས་གཏན་ལ་ཕབ་པའི་སྲིད་ཇུས་དབུ་མའི་ལམ་ལས་ལྷག་ཅིག་མེད་པ་མཐོང་གི་ཡོད།   སོང་ཙང་གནད་དོན་དེའི་ཐོག་ཐག་བཅད་པ་ཞིག་རེད་ཅེས་ལན་གནང་སོང་།

སྤྱིར་བཏང་ང་རང་ཚོས་མང་གཙོ་གལ་ཆེན་པོ་རེད་ཟེར་གྱི་ཡོད་པ་རེད།   སྒྲིག་འཛུགས་དང་ཚོགས་པ་སོགས་སུ་ཞིག་ཡིན་རུང་ལངས་ཕྱོགས་སོགས་གནད་དོན་གང་ཞིག་གི་ཐོག་མཐའ་མའི་ཐག་གཅོད་དེ་འདོད་པ་ཡོད་རུང་མེད་རུང་མང་མོས་ཐོག་ནས་འགྲོ་དགོས་ཡི་ཡོད་པ་རེད།  ད་རེས་རྣམས་པ་ཚོའི་གནང་སྟངས་དེ་མང་གཙོའི་ཁྲིམ་སྒྲིག་གི་རྒྱ་ལས་བརྒལ་ཡོད་མེད་གསལ་བཤད་ཅིག་གནང་རོགས་ཞེས་དྲིས་པར།

ཁོང་གིས།  མང་མོས་ལབ་པ་དེ་ལ་དབྱེ་བ་གཉིས་ཕྱེ་དགོས་པ་རེད་དྲན་གྱི་འདུག  དེ་གང་འདྲ་རེད་ཟེར་ན།  ཁོ་རང་ཚོའི་གྲོས་ཆོད་གསུམ་བཞག་ནས་བགྲོ་གླེང་རྩ་བ་ནས་བྱེད་མ་བཅུག་པའི་གནས་སྟངས་ཤིག་ཡོད་རེད།  དེ་ཚོའི་ཐད་བགྲོ་གླེང་བྱེད་རྒྱུའི་ཐོབ་ཐང་སྤྲད་ཡོད་པ་ཡིན་ན། ཁྱེད་རང་གིས་གསུངས་པ་བཞིན་མང་མོས་སྤྱི་མོས་ཐོག་ང་ཚོའི་ངོས་ལེན་དགའ་རུང་སྡུག་རུང་བྱེད་ཀྱི་རེད་བསམ་གྱི་འདུག   དེ་འདྲ་རྩ་བ་ཉིད་ནས་མ་བྱུང་པའི་ཐོག་ནས་འདོད་བློ་མ་ཁེངས་བ་ཞིག་བྱུང་བ་རེད།  བགྲོ་གླེང་བྱུང་བའི་ཐོག་ནས་མང་མོས་སྤྱི་མོས་ཐོག་ནས་རྒྱལ་ཁ་སུ་ལ་ཐོབ་ཀྱི་ཡོད་ན་ང་ཚོའི་བརྩི་བཀུར་ཞུ་དགོས་པ་རེད།  ཡིན་ན་གནས་སྟངས་དེ་མ་བྱུང་བའི་ཐོག་ནས་དོན་ཚན་གསུམ་དེ་མང་མོས་བྱུང་བ་རེད་ཟེར་ནས་རལ་གྲི་གནམ་གཡུག་བྱས་བཞག་པ་ཡིན་པས།   གནས་སྟངས་དེ་བྱུང་བ་རེད་ཅེས་གསུང་སོང་།

དབུས་གཞོན་ནུའི་ཚོགས་གཚོས་ཚོགས་ཆེན་གྱི་མཇུག་བསྡོམས་ཐོག་རེ་འདུན་བཏོན་པ་ནང་བཞིན་འབྱུང་འགྱུར་གཞོན་ནུའི་སྒྲིག་འཛུགས་ཀྱི་མང་ཐོག་ནས་སྔར་བཞིན་ཕྱག་ལས་གནང་རྩིས་ཡོད་དམ་ཅེས་དྲིས་པར།

ཁོང་གིས། ད་ལྟའི་ཆར་ང་ཚོ་ས་གནས་བརྒྱད་དེ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་བཀའ་ག་རེ་གནང་བ་དེ་སྒྲུབ་ཟེར་ན་དཀའ་ལས་ཁེགས་པོ་ཆགས་བསྡད་ཡོད་རེད།   གང་ཡིན་ཟེར་ན་ཁ་སང་དབུས་རྒྱུན་འཚོགས་པའི་སྐབས་སུ་ང་ཚོའི་ཆ་ཤས་བླངས་མེད།  དེའི་རྒྱུ་མཚན་ག་རེ་ཡིན་ལབ་ན། ང་ཚོའི་ལངས་ཕྱོགས་ཁོ་རང་གི་སྒང་ནས་མ་འགྲིག་པ་དེའི་ཐོག་བཤད་ས་མ་རག་པ་སོགས་ལ་བརྟེན་ནས། ད་ལྟའི་ཆར་དབུས་ཀྱི་ག་རེ་ལབ་པ་དེར་ངོས་ལེན་ཞུ་ཐུབ་པའི་གནས་སྟངས་མི་འདུག   ཡིན་ན་ཡང་ང་ཚོའི་ས་གནས་ལ་མཐུས་ཤོར་དེ་འདྲ་ཁྱོན་ནས་གཏོང་གི་མིན།  སྔར་ལས་ལྷག་ལས་འགུལ་སྤེལ་རྒྱུ་དང་འགན་རྗིད་དུ་འགྲོ་ཡི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་སོང་།།

མོན་གྷོ་གསར་འགོད་པས།