སློབ་མ་དབང་ཕྱུག་རྡོ་རྗེར་ལོ་༤ ཁྲིམས་ཆད།

རྒྱ་གཞུང་གིས་ལོ་སྔོན་མའི་ནང་འཇུ་བཟུང་བྱས་པའི་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མ་དབང་ཕྱུག་རྡོ་རྗེར་ཉེ་ཆར་ལོ་༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་༡༡ ཚེས་༩ ཉིན་གྱི་ཕྱི་དྲོར་རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་དང་རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ རེབ་གོང་རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས།  “མི་རིགས་འདྲ་མཉམ་བྱ་དགོས།” “བོད་ལ་རང་དབང་དགོས། ” “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས”སོགས་ཀྱི་སྐད་འབོད་ཁྲོམ་སྐོར་གནང་སྐབས། རྒྱ་གཞུང་ཉེན་རྟོག་པས་སློབ་ཕྲུག་མང་པོར་གཅར་རྡུང་བྱས་ཏེ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། སློབ་མ་མང་པོ་འཛིན་བཟུང་དང་སློབ་སྤྱི་ཁག་ཅིག་གནས་དབྱུང་བཏང་ཡོད་པ་ལྟར། 

སྐབས་དེར་འཛིན་བཟུང་བྱས་པའི་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མ་དབང་ཕྱུག་རྡོ་རྗེར་ཉེ་ཆར་ས་གནས་ཁྲིམས་ཁང་ཞིག་ནས་སློབ་མའི་ལས་འགུལ་གྱི་སྣེ་འཁྲིད་པའི་ཉེས་མིང་འོག་ལོ་༤  ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་བཞིན་སྐབས་དེའི་རེབ་གོང་གི་བཅའ་སྡོད་སློབ་ཆུང་གི་སློབ་སྤྱི་པདྨ་ཚེ་བརྟན་དང་། དབྱི་ཧྥུ་སློབ་འབྲིང་གི་སློབ་སྤྱི་རྡོ་རྗེ་རྒྱལ། དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སློབ་སྦྱི། ཐུན་རིན་རྫོང་སློབ་གསོ་ཁང་གི་འགོ་ཁྲིད་ལྷ་འབུམ་མཁར་། གཞན་ཡང་རྩེ་ཁོག་རྫོང་ཁོངས་ཀྱི་བོད་རིགས་སློབ་སྤྱི་བཅས་རིང་བོ་མ་སོང་བར་ལས་གནས་ནས་གནས་དབྱུངས་བཏང་ཡོད་པ་དང་། གཞན་ཡང་སྐབས་དེར་འཛིན་བཟུང་བྱས་པའི་སློབ་མ་ཁག་ཅིག་གི་གནས་ཚུལ་ད་དུང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།

སློབ་མ་དབང་ཕྱུག་རྡོ་རྗེ་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཉིན་ཤུལ་ཤང་རོང་བོ་སྡེ་བ་ནས་ཡིན་ཞིང་། ཁོང་འཛིན་བཟུང་བྱེད་སྐབས་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་སློབ་མ་ཡིན་པ་རེད།