ཨ་རིས་ལུའུ་ཞོ་པོའི་ནང་མིར་ཁྲིམས་བཅད་སྐོར་གྱི་གསལ་བསྒྲགས།

རྒྱ་ནག་གི་བཙོན་དུ་ཡོད་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལུའུ་ཞོ་པོ་ཡི་བཟའ་ཟླའི་སྤུན་ཆུང་བ་ལུའུ་ཧྥི་ཞེས་པ་ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་སྔ་དྲོར། པེ་ཅིང་གི་ཁྲིམས་ཁང་ཞིག་ཏུ་“མི་གཞན་མགོ་བསྐོར་”བཏང་བའི་ཉེས་མིང་འོག་ལོ་༡༡ གི་ཁྲིམས་ཐག་བཅད་ཡོད་པ་རེད།

གནད་དོན་དེའི་སྐོར་ལ་ཟླ་འདིའི་ཕྱི་ཚེས་༡༢ ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་ཕྱོགས་ནས་གནད་དོན་དེའི་སྐོར་སེམས་འཁུར་གཏིང་ཟབ་བྱེད་བཞིན་ཡོད་ལུགས་བརྗོད་འདུག

ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྗོད་དོན།  རྒྱ་ནག་སྲིད་གཞུང་གིས་མགྱོག་མྱུར་ཏུ་ལུའུ་ཞོ་པོ་དང་བཟང་བཙོན་འོག་ཡོད་པའི་ཁོང་གི་སྐུ་ཟླ་ལུའུ་ཞ་གློད་གྲོལ་གཏོང་དགོས་པའི་ནན་སྐུལ་བྱེད་རྒྱུ་ཡིན་པ་མ་ཟད། ལུའུ་ཞོ་པོ་དང་ཁོང་གི་ནང་མི་རྣམས་ཀྱི་གནས་སྟངས་ཐད་རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགན་ལེན་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ལ་འགན་སྲུང་ཐམས་ཅད་གཞིར་རྩར་འཛིན་དགོས།

ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསལ་བསྒྲགས་ཀྱི་མཇུག་ཏུ། གཟའ་འཁོར་སྔོན་མའི་ནང་ཨ་རིའི་མངའ་སྡེ་ཁེ་ལེ་ཧྥོ་ནི་ཡ་རུ་སྲིད་འཛིན་ཨོ་བྷ་མས་ཞི་ཅིན་ཕིང་ལ་བརྗོད་པ་ལྟར། ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད། ཡོངས་ཁྱབ་འགྲོ་བ་མིའི་ཐང་ལ་སྲུང་སྐྱོབ་བྱེད་པ་ནི་འཛམ་གླིང་གི་རྒྱལ་ཁབ་ཐམས་ཅད་ལམ་ལྷོང་བྱུང་བའི་ཆེས་མཐའ་མཇུག་གི་ཡར་རྒྱས་དང་དྲང་བདེན་གྱི་འགག་རྩ་རེད་ཅེས་འཁོད་ཡོད་འདུག