གཞན་རྩོམ།

རྡེའུ་འབུམ་རྩོམ་པ་པོ་བུད་མེད་རྩོམ་པ་པོ་ཀུན་བཟང་སྒྲོལ་མ། དབྱིན་དེབ། དེ་རིང་ངས་འདི་ལྟར་གླེང་། —-ཨ་རིག་དགེ་མཐོང་། མགོ་ནག་བོད་ཀྱི་བུད་མེད་རྟོགས་སད་པ། ། ཀུན་བཟང་སྒྲོལ་མའི་ཁྲག་ཐིགས་རེ་རེ་ཡིས། ། གྲུབ་པའི་དཔེ་དེབ་རྡེའུ་འབུམ་དཀར་པོ་དེ། ། དབྱིན་ཡིག་སྟེང་ནས་དེ་རིང་དབུ་འབྱེད་གནང་། །  རྡེའུ་འབུམ་རྩོམ་མཁན་བདག་མོའི་སྐྱོ་གར་དེ། ། དེ་རིང་བདག་གིས་སྨྱུག་རྩེར་དྲངས་ཏེ་འབྲི། ། བསིལ་ལྡན་ས་ལའི་སྨན་ལྗོངས་ཡངས་པོ་ནས། ། བརྩེ་ཆེན་ཨ་མའི་དྲིན་ལས་ན་ཚོད་སྨིན། ། མོ་ལོ་བཅོ་ལྔའི་ལང་ཚོ་རྒྱས་དུས་སུ། །

སྡེ་བའི་ཞབས་རིམ་སྒྲུབ་པར་ཆས་པ་ནས། ། མཚན་གྱི་དུས་སུ་ཕྱིར་ལ་ཡོང་སྐབས་སུ། ། མུན་ནག་ནང་ནས་མྱི་ཞིག་ང་ལ་འཐམས། ། ལོ་ན་བཅོ་བརྒྱད་ལོན་པའི་གསར་བུ་དེས། ། རྒྱུན་དུ་ཁོ་མོར་དགའ་རབས་ཟེར་མྱོང་ཡོད། ། མི་དགོས་གནས་ལུགས་བརྒྱ་ཕྲག་བརྗོད་པ་དང་། ། ཁ་རོག་མ་གཏོགས་ཨ་མ་འབོད་ངེས་ལབ། ། དེས་ན་བདག་གིས་ཁྱེད་ཀྱི་རྐང་སྣུམ་དེ། ། དུམ་བར་གཤག་རྒྱུ་ཟེར་ནས་བཙན་གྱིས་འཐེན། ། ང་ཡིས་ངོ་ཚ་སྙམ་སྟེ་འདང་ཞིག་བརྒྱབས། ། དེ་ཡི་བར་ནས་བཙན་ཚུགས་སྣ་དགུ་བྱས། ། མི་འདོད་ཤུགས་ཀྱིས་རྒོལ་ལན་སློག་ན་ཡང་། ། སྐྱེས་པའི་སྟོབས་ལ་འགྲན་པར་ག་ལ་ནུས། ། དམར་ཧྲེང་ཁྱིམ་ལ་འཛུལ་བའི་སྤོབས་པ་མེད། ། ངུ་འབོད་ཞུ་བ་འཐེན་ཡང་ཇེ་སྡུག་རེད། ། ལྷིང་འཇགས་མཚན་གྱི་མི་མཐོང་སྒོ་འགྲམ་ནས། ། ཁོ་མོར་བཙན་གཡབ་བྱས་པས་ན་ཟུག་ལྕི། ། བརྩེ་ཆེན་ཕ་མར་དོན་དེ་བཤད་སྲོལ་མེད། ། ན་ཟླའི་ཚོགས་ཀྱིས་གོ་ན་ངོ་ཚ་ཉིད། ། རྐང་སྣམ་ཉོ་སྤྱད་མེད་པའི་དཀའ་ངལ་དང་། ། དམར་ཧྲེང་ཕ་མའི་སྡུན་ལ་འགྲོ་མ་ཕོད། ། ཁོ་རང་འདོད་པ་ཚིམས་ནས་ཕྱིར་ལ་ལོག ། ང་ནི་འདང་རྒྱག་མིག་ཆུའི་ཁྲོད་ནས་ལྷག ། ཉིན་དང་ལོ་ཟླ་མཐུད་ནས་གསང་བར་འབད། ། སེམས་ཀྱི་ནང་དུ་སྡུག་གི་རི་རབ་བརྩེགས། ། བཅུ་དྲུག་པདྨོའི་མེ་ཏོག་སད་ཀྱིས་བཅོམས། ། ལུས་སེམས་སྐྱིད་པའི་ཉི་མ་རི་ནས་རྒས། ། མི་འདོད་སྡུག་ལས་དེ་ཡིས་ངན་འབྲས་ལས། ། བྲང་གི་མྱོས་བུམ་ཏོག་ཙམ་འབུར་ནས་ཡོང་། ། ཟླ་མཚན་དུས་ལྟར་མ་བབས་བློ་མ་བདེ། ། བློ་སེམས་འདྲིས་པའི་གྲོགས་མོར་གྲོས་ཤིག་བྱས། ། མོ་ཡིས་ས་རྫ་བརྡུངས་ཏེ་ཕྱེ་མ་བཟོས། ། ཁང་བའི་དུ་དྲེག་ས་རྡུལ་ཆུ་དང་མཉམ། ། དཀྲུགས་ཏེ་འཐུང་ན་ཤིན་ཏུ་བཟང་རབ་ཟེར། ། ང་ཡིས་དེ་དག་མ་ལུས་ལག་ལེན་བསྟར། ། དེའི་རྗེས་གཅིན་པ་གཏོང་ཐེངས་རེ་རེ་ལ། ། བྱིས་པ་ཕྱི་ལ་ཡོང་མེད་ཅེར་ན་ཡང་། ། ཕན་འབྲས་མེད་པའི་གནས་ལུགས་མངོན་དུ་གྱུར། ། དེ་ཡི་རྐྱེན་གྱིས་ཁོ་མོ་མ་ཤི་བཟང་། ། དེ་ལྟར་སོང་བའི་ཉིན་འགའ་འདས་པ་ན། ། ཁོ་མོའི་དོན་རྐྱེན་ས་ཁྱབ་རྡོ་ཁྱབ་གྱུར། ། རང་ལ་བྱིས་པ་འཁོར་བ་གཞི་ནས་ཤེས། ། གཏམ་ངན་དེ་ནི་ཨ་མའི་རྣ་བར་ཐོན། ། ཨ་མས་བདེན་མིན་ནུ་མ་ལྟ་དགོས་ཟེར། ། བལྟས་ཀྱིན་བལྟས་ཀྱིན་ཨ་ཁ་ཚར་འདུག་ཅེས། ། ང་ལ་མ་གཅར་མིག་ཆུ་ཐ་ར་ར། ། ཁོ་མོའི་བརླ་སྟེང་ཐལ་ལྕག་ལན་གསུམ་གཞུས། ། ཨ་མ་ངེད་གཉིས་བློ་ཁ་མཐུན་བྱས་ནས། ། མ་ལོ་ན་ཚ་འདུག་ཅེས་རྫུན་བསྒྲིགས་ཏེ། ། ཨ་ཕ་སྒོར་མོ་སློང་བའི་ཐབས་ཤིག་བཙལ། ། སྐད་བསྒྱུར་ཅིག་དང་ལྷན་དུ་སྨན་ཁང་སོང་། ། དགུང་མོ་མང་ར་རྫོང་དུ་འབྱོར་བ་དང་། ། སྤུན་མཆེད་དགེ་རྒན་ནང་ནས་ཞག་འདུག་བྱས། ། ཁོ་མོས་ང་ལ་གཤེ་གཤེ་སྣ་ཚོགས་བཏངས། ། དགའ་རོགས་ཡོད་མེད་ཟེར་བར་མེད་ཅེས་ལབ། ། ཞོགས་ཀ་སྐྱ་རངས་དང་པོ་ཤར་བ་ན། ། སྨན་པས་ཅི་ཟེར་སྙམ་པས་སེམས་མ་བདེ། ། ཁོང་གིས་ང་ཡི་ཁོག་དང་མཚན་མ་ལ། ། བརྟགས་དཔྱད་བྱས་པས་བྱིས་པ་འཁོར་འདུག་ཟེར། ། ད་དུང་ཟླ་གསུམ་མ་གཏོགས་ཕྱིན་མི་འདུག ། ཟླ་ལྔ་མ་འགོར་ཐབས་ལམ་མེད་པར་གསུངས། ། འུ་ཐུག་ཐབས་ཟད་ངང་ནས་སྒོ་ལ་བུད། ། ཨ་མའི་ངོ་ཤེས་རྒྱ་མོར་གནས་ཚང་གཡར། ། དགུང་མོ་མོག་མོག་བཟོས་ཏེ་མགྲོན་བསུ་བྱས། ། མི་དགོས་ང་ཚོར་དོགས་པ་སྣ་ཚོགས་སྐྱེས། ། ར་ཤ་ལུག་ཤ་ཁྱི་ཤ་གང་ཡིན་སྙམ། ། ཅི་ཙམ་དཔྱད་ཀྱང་ཁྱོན་ནས་མ་རྟོགས་སོ། ། ཨ་ཕ་ཕུ་བོ་རང་སྡེ་མི་མང་གིས། ། དོན་འདི་རྟོགས་པར་བསམ་སྟེ་ཨ་མ་སྐྱོ། ། ཨ་ཕའི་དུས་རྒྱུན་གཤིས་ཀ་རྩུབ་མོ་དེས། ། ཨ་མའི་ཡ་ཆུང་ཁོག་པར་གཟེར་ཤེད་བརྒྱུགས། ། མི་ཁའི་བཤད་ཡམས་ཤིན་ཏུ་མྱུར་བས་ན། ། མི་འདོད་གཏམ་ངན་སྡེ་བ་ཡོངས་ལ་ཁྱབ། ། ཡུལ་ལྷ་འབོད་པའི་སྡེ་མི་ཁ་མང་དེས། ། ཁོ་མོར་བྱིས་པ་སྦྲུམ་པ་ཨ་ཕར་བཤད། ། ཨ་ཕ་དཀོན་བྷེ་ཟུང་གིས་ཁ་ཐུག་དེར། ། ནང་མིའི་མཚན་སྙན་བརྫད་སོང་ཟེར་ནས་བརྡུངས། ། དཀོན་བྷེས་སྐྲ་ནས་བཟུང་སྟེ་ས་ལ་གཡུགས། ། ང་ཡི་གྲོད་ཁོག་སྟེང་དུ་རྡོག་རྒྱག་གཞུས། ། གཅར་རྡུང་ཚད་མེད་བྱས་པའི་ངང་ཚུལ་དེ། ། ཨ་མས་མཐོང་སྟེ་བུ་མོ་མ་གསོད་ཟེར། ། ཨ་ཕ་ཁྲོས་པའི་ཨག་སྐད་རིང་བོ་དེ། ། གཡས་གཡོན་ཁྱིམ་མཚེས་གོ་སྟེ་བརྒྱུགས་ནས་ཐོན། ། ཁོ་ཚོའི་སྡུན་ནས་ཨ་ཕ་ངོ་ཚ་སྟེ། ། ཕར་རྒྱུགས་མིག་གི་མི་མཐོང་ས་ལ་སོང་། ། ང་ཡི་མི་ཚང་སྙན་གྲགས་བརླགས་སོང་ཟེར། ། ང་ཡང་སྟབས་དང་བསྟུན་ཏེ་ཕྱི་ལ་བྲོས། ། ཁྱིམ་མཚེས་སང་གིས་སྣེ་ལེན་ཡག་པོ་གནང་། ། ང་ཡི་གནས་སྟངས་ཚང་མ་དྲང་མོར་བཤད། ། ཁོ་མོ་ཕུ་བོ་ཉི་མའི་ནང་དུ་ཕྱིན། ། ང་ལ་མ་གཤེ་ཁོ་བོའི་སེམས་པ་སྐྱོ། ། ནང་ལ་མ་སོང་ཕུ་བོའི་རྩིབ་ནས་བསྡད། ། ཕུ་བོས་གཏན་དུ་ཁྱེད་རང་འདུག་ཆོག་ཟེར། ། དུས་རྒྱུན་ཉིན་རེ་ཨ་མ་ལྟ་རུ་ཡོང་། ། ཨ་ཕ་རེ་བ་ཞུས་ཏེ་ནང་ལ་ཁྲིད། ། རྗེས་སུ་མི་ཁ་བརྒྱུད་ནས་གོ་ཐོས་ལ། ། ནུ་མོ་ཨ་ཕས་གསོད་གྲབས་བྱས་རབས་ཟེར། ། དེ་འདྲ་མི་དགོས་བྱིས་པ་ངས་གཉོར་ཆོག ། ཅེས་པའི་ཕུ་བོའི་ལྷག་བསམ་ང་ཡིས་ཤེས། ། ཨ་མའི་རེ་བ་ཨ་ཕས་དང་ལེན་བྱས། ། གུས་མོ་རང་ཁྱིམ་དྲོན་མོར་འབྱོར་བས་དགའ། ། ཨ་ལོའི་ཞེ་སྡང་ཁྱོན་ནས་ཞུ་མ་ནུས། ། ཉིན་རེའི་སྡུག་གཏམ་ལྕི་མོ་རྫོགས་མཐའ་བྲལ། ། ཁོ་ཚོ་ཅི་ཁག་ང་ཡི་གནས་སྟངས་དེས། ། ནང་མིའི་མཚན་སྙན་བརླགས་པས་ངོ་ཚ་ཡོད། ། སྡེ་བས་འཕྱ་སྨོད་བྱས་པས་སྡུག་བསྔལ་ལྕི། ། ཅི་ཙམ་བསྡིགས་ཀྱང་ཁོ་མོ་མི་གནོད་དོ། ། བྱིས་པ་ང་ཡི་མངལ་ནས་བཏོན་རྒྱུའི་ཐད། ། ཕ་མ་གཉི་ག་བློ་མཐུན་བྱུང་ན་ཡང་། ། སྨན་པ་སྟོན་སྤྱད་སྒོར་མོ་དཀའ་བས་ན། ། བོད་རིགས་སྨན་པ་ཞིག་ལ་རེ་བ་བརྒྱབས། ། བོད་ཀྱི་སྨན་པས་བྱིས་པ་མངལ་ནང་ནས། ། ཕྱིར་ལ་དབྱུང་བར་འཐད་པ་མེད་ན་ཡང་། ། ཁ་ཐུག་མི་ཟེར་ཡོ་བྱད་མ་ཚང་ཞེས། ། ང་ཚོ་མགོ་བསྐོར་བཏང་བ་སུ་ཡིས་ཤེས། ། མཐའ་མ་ཨ་ཕ་ཤིན་ཏུ་འུ་ཐུག་སྟེ། ། གཞན་ལ་སྒོར་མོ་གཡར་ཏེ་རྒྱ་སྨན་ལ། ། སྟོན་པར་སོང་སྟེ་ང་ལ་བརྟགས་དཔྱད་འཐེན། ། ཁ་ཐུག་ཁབ་ཅིག་བརྒྱབས་ཏེ་མངགས་པས་སོ། ། ཕྱིའི་ཉིན་ཕྱི་དྲོའི་ཆུ་ཚོད་བཞི་བའི་སྟེང་། ། སླར་ཡང་སྨན་ཁང་ནང་དུ་བཅར་བ་ན། ། ང་ལ་ཁང་མིག་ཉལ་ཁྲི་ཁ་ཁར་སྤྲད། ཆུ་ཚོད་ལྔ་སྟེང་ཁོག་ལ་ཟུག་གཟེར་བརྒྱུགས། ། ནད་གཡོག་བུ་མོ་ང་ཡི་རྩིབ་ལ་ཐོན། ། ན་ཟུག་གཟིར་ནི་བསྲན་པར་དཀའ་ན་ཡང་། ། ཨམ་གཙིགས་བསྡམས་ཏེ་ཨུ་ཚུགས་བྱས་ཏེ་བསྲན། ། མཚན་གུང་ཞིག་ལ་བྱིས་པ་ཕྱིར་འདེད་བྱས། ། ནད་གཡོག་བདག་མོས་བུ་མོ་རེད་ཅེས་ཟེར། ། བྱིས་པའི་མགོ་ན་སྐྲ་ནི་སྐྱེས་པ་མཐོང་། ། ད་དུང་སྐྲ་ནི་ཁམ་ནག་ཡིན་པ་དེ། ། དུག་ཁབ་བརྒྱབས་པའི་ཡིན་པར་ང་ཡིས་སེམས། ། ང་ཡི་བུ་མོ་གཉིས་ཀ་སྐྱེས་དུས་སུ། ། སྔོན་གྱི་བྱིས་པ་འདས་པོའི་མགོ་སྐྲ་དྲན། ། གློག་བརྙན་ཅི་བཞིན་མངོན་སུམ་མིག་ལམ་འཆར། ། བྱིས་པ་དེ་ནི་བདག་གིས་གཉོར་མྱོང་མེད། ། རྡེའུ་འབུམ་བུ་མོའི་སྐྱོ་གར་རིང་མོ་ནས། ། ཚན་པ་གཅིག་གི་བརྗོད་བྱ་འདི་འདྲ་ཉིད། ། ད་དུང་དེ་ཡི་གཞུག་ན་དེས་ཀྱང་མང་། ། རེ་རེ་ཀློག་ན་རང་སེམས་ཚོར་བས་བཟི། ། སྔོན་བསགས་ལས་ཀྱིས་སྐྱིད་སྡུག་སྣ་ཚོགས་མྱོང་། ། མི་ཞུམ་སྙིང་སྟོབས་སྤོབས་པས་མདུན་དུ་བསྐྱོད། ། རང་གི་མི་ཚེའི་བྱུང་རིམ་དམར་རྗེན་མ། ། སྨྱུག་རྩེར་དྲངས་ཏེ་ཀློག་པོའི་སྤྱན་ལམ་བསྟར། ། ཁོ་མོའི་ལོ་ཟླའི་སྐྱོ་གར་སྐྱུར་མོ་དེ། ། བདག་གི་དངོས་སུ་མོ་ལས་ཐོས་སྐབས་སུ། ། ཡ་ཆུང་གློ་སྙིང་མཆིན་གསུམ་བསྲེག་ལ་ཁད། ། ཤ་འདར་རུས་གཟིར་ལྷན་དུ་ཤུམ་ཤུམ་ངུས། ། དེ་ རིང་ཨ་རིར་གནས་སྡོད་བོད་ཀྱི་བུད་མེད་རྟོགས་སད་པ་ཀུན་བཟང་སྒྲོལ་མའི་དེབ་ རྡེའུ་འབུམ་ཞེས་པ་དབུ་འབྱེད་བྱས་པའི་སྐོར་ངོ་དེབ་ལས་མཐོང་རྗེས་ཡི་གེར་གཏགས། རྒྱུ་མཚན་བོད་མི་མང་བོ་ཞིག་གིས་དེབ་དེའི་བརྗོད་བྱ་གང་ཡིན་ཤེས་འདོད་ཆེ་བ་ མཐོང་བས་དེའི་ནང་གི་དོན་ཚན་གཅིག་བོད་བསྒྱུར་བྱས་ཡོད་པ་དེ་དང་། མོའི་ཁ་བརྡ་བྱས་པ་ཁག་ཅིག་ཁ་སྐད་ཀྱི་ལམ་ནས་ཁ་ཐུག་བྲིས་ཏེ་ཁ་སེམས་མཐུན་པའི་ དྲ་གྲོགས་ཚོར་ལ་ངོ་སྤྲོད་ཙམ་བྱས་པའོ། །