བཙུན་མ་དབང་ཆེན་སྒྲོལ་མ་སྐུ་གྲོངས་འདུག

wangchen_dolam_tawuཟླ་འདིའི་ཚེས་ ༡༦ ཉིན་བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། ཕྱི་ཟླ་༦ ཚེས་ ༡༡ ཉིན་ཁམས་རྟའུ་རྫོང་ཐོག་ནས་རང་ལུས་མེར་སྲེག་གཏོང་མཁན་བཙུན་མ་དབང་ཆེན་སྒྲོལ་མ་ཚེས་ ༡༤ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༨ པའི་ཐོག་སྐུ་གྲོངས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཁོང་གི་ཕུང་པོ་ནང་མིར་རྩིས་སྤྲོད་བྱས་མེད་པ་ཟད། ད་ལྟ་ཁོང་གི་ནང་མི་ལ་ཕན་ཚུན་འགྲོ་འདུག་སོགས་བྱེད་མི་ཆོག་པར་དམ་དྲག་འོག་ཡོད་པའི་གནས་ཚུལ་ཐོན་འདུག

wangchen_dolam_tawu

དེ་ཡང་ཕྱི་ཟླ་༦ ཚེས་ ༡༡ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༥ པ་ཡས་མས་སུ་ཁམས་མི་ཉག་འདྲ་པ་ནས་ཡིན་པའི་བཙུན་མ་དབང་ཆེན་སྒྲོལ་མས་རྟའུ་ཉ་མཚོ་དགོན་པའི་ཉེ་འཁྲིས་ཤིག་ཏུ་རང་ལུས་མེར་སྲེག་བཏང་རྗེས་འཕྲལ་དུ་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བཙན་འཁྱེར་གྱིས་ཁམས་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་ཁྱེར་ཡོད་པ་དང་། དེ་མ་ཐག་ས་གནས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ཡོངས་རྫོགས་བཅད་ཟིན་པར་བརྟེན་ས་གནས་ཀྱི་གནས་སྟངས་སྤྱི་དང་། ལྷག་པར་བཙུན་མ་དབང་ཆེན་སྒྲོལ་མའི་གནས་སྟངས་ཆ་ཚང་ཞིག་ཤེས་རྟོགས་བྱ་རྒྱུར་དཀའ་ངལ་འཕྲད་ཡོད་པ་རེད།

ཕྱི་ཚེས་ ༡༥ ཉིན་རྒྱབ་ནས་རྟའུ་རྫོང་ཁོངས་སུ་ཁ་པར་དང་། སྐད་འཕྲིན་(WeChat) བཅས་ཀྱི་བརྒྱུད་ལམ་སླར་ཡང་སྒོ་ཕྱེ་འདུག་པ་དང་། ས་གནས་སུ་འབྲེལ་བ་བྱེད་སྐབས་བཙུན་མ་དབང་ཆེན་སྒྲོལ་ཁམས་མི་ཉག་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་ཕྱི་ཚེས་ ༡༤ ཉིན་གྱི་ཚན་མོ་བོད་ནང་གི་ཆུ་ཚོད་ ༨ པའི་ཐོག་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

བཙུན་མ་དབང་ཆེན་སྒྲོལ་མའི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱུང་བར་སྨན་ཁང་ནས་གློག་གི་རོ་བསྲེག་ས་ཞིག་བསྲེགས་པར་བརྟེན། ཁོང་གི་ནང་མི་ནས་བོད་མིའི་ཡུལ་སྲོལ་དང་ཆོས་ལུགས་ཀྱི་བྱེད་སྒོ་ལྟར་གྱི་ཕུང་པོ་ཞུགས་འབུལ་བྱེད་རྒྱུ་བྱུང་མེད་པ་རེད། མི་ཉག་འདྲ་པ་བྲག་ཐོག་ས་གནས་ཀྱི་གྲོང་སྡེ་ཁག་ནས་བཙུན་མ་དབང་ཆེན་སྒྲོལ་མའི་ནང་མིར་གདུང་སེམས་མཉམ་བསྐྱེད་དང་། ནང་མིའི་ངོས་ནས་ཀྱང་འདས་པོའི་རྗེས་འཇུག་གི་ཆོས་སྒྲུབ་བསྔོ་སྨོན་དང་། མཆོད་འབུལ་སོགས་བྱེད་ཐབས་བྱས་འདུག་ཀྱང་། ཕྱི་ཚེས་ ༡༤ ཉིན་ས་གནས་སྲིད་གཞུང་གི་མི་སྣ་ཁག་ཅིག་བཙུན་མ་དབང་ཆེན་སྒྲོལ་མའི་ནང་དུ་སླེབས་ནས་གྲོང་པ་ཁྱིམ་མཚེས་དང་། ཡུལ་མི་སྤུན་ཟླ། གྲྭ་བཙུན་བླ་མ་སོགས་ནང་ལ་ཡོང་རྒྱུ་བཀག་འགོག་དང་། ནང་མི་དེ་ཚོ་ཡང་ཕྱི་ལོགས་སུ་འགྲོ་མི་ཆོག་པའི་བཙན་བཀའ་བཏང་སྟེ་གནས་སྟངས་དམ་དྲག་འོག་གཤིན་པོར་རྗེས་འཇུག་ཀྱང་ཚུལ་བཞིན་བྱེད་ཐུབ་ཀྱི་མེད་པ་རེད་འདུག

བཙུན་མ་དབང་ཆེན་སྒྲོལ་མ་ནི་ཁམས་རྟའུ་རྫོངས་ཁོངས་སུ་ཡོད་པའི་མི་ཉག་འདྲ་པ་ས་ཁུལ་གྱི། བྲག་ཐོག་ཡུལ་ཚོ་དང་། བྲག་ཐོག་གྲོང་པའི་རྒྱལ་འབུམ་ཚང་ཟེར་བའི་མི་ཚང་ནས་ཡིན་པ་དང་། ཁོང་མོའི་སྐྱ་མིང་ལ་ཚེ་རིང་སྒྲོལ་དཀར་དང་ཆོས་མིང་ལ་དབང་ཆེན་སྒྲོལ་མ་ཟེར་གྱི་ཡོད་པ་དང་། རང་ལོ་ ༣༡ ཡིན་པ་རེད་འདུག ཁོང་གི་དབང་ཆེན་སྒྲོལ་མའི་ཕ་མིང་ལ་བསྟན་འཛིན་དང་། མ་མིང་ལ་གཡུ་སྒྲོན་ཟེར་གྱི་ཡོད་འདུག

བཙུན་མ་དབང་ཆེན་སྒྲོལ་མིའི་ཕ་ཡུལ་དུ་བཙུན་མ་ཆོས་ཞུགས་བྱེད་སའི་བཙུན་དགོན་མེད་པར་བརྟེན། ཁམས་རྟའུ་སྦར་ཞབས་བྲག་དཀར་ཞེས་པའི་གནས་རི་ཞིག་ཏུ་ཆོས་བརྒྱུད་སྔ་འགྱུར་རྙིང་མ་ཡིན་པའི་སྤྲུལ་སྐུ་ཆོས་ཀྱི་ཉི་མ་ཞུ་བ་ཞིག་གིས་ཆོས་སྡེ་ཞིག་ཡོད་པ་དེར་ཆོས་ཞུགས་གནང་ཡོད་འདུག་པ་དང་། ཕྱི་ཚེས་ ༡༠ དགོང་མོ་བཙུན་མ་དབང་ཆེན་སྒྲོལ་མས་རྟའུ་རྫོང་ཐོག་གི་སློབ་གྲྭ་ཞིག་གི་ནང་སློབ་ཕྲུག་ཚོར་བོད་ཡིག་ཡག་པོ་སྦྱང་དགོས་པ་སོགས་ཀྱི་སློབ་གསོ་བྱས་ཡོད་འདུག

མི་ཉག་འདྲ་པ་ནས་ཡིན་པའི་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་པ་ལྟར་ན་མི་ཉག་འདྲ་པ་ལུང་པ་དེར་ལོ་ཁ་ཤས་ཀྱི་སྔོན་ནས་རྒྱ་ནག་གཞུང་གིས་གློག་ཁང་རྒྱག་རྒྱུ་ཡིན་པ་དང་། ས་གནས་མི་མང་རྣམས་ས་གནས་གཞན་དུ་གནས་སྤོ་བྱེད་དགོས་པའི་ཁྱབ་བསྒྲགས་ཤིག་བྱུང་ཡོད་པ་བཞིན་ད་ལྟ་ཡང་ས་གནས་དེར་དཀའ་ངལ་དེ་མུ་མཐུད་འགྲོ་བཞིན་ཡོད་པ་རེད་ཅེས་བརྗོད་སོང་།

བཙུན་མ་དབང་ཆེན་སྒྲོལ་མ་ནི་ཁམས་མི་ཉག་པ་རྒྱ་ནག་སྲིད་གཞུང་གི་སྲིད་ཇུས་ལ་རང་ལུས་མེར་སྲེག་གིས་ངོ་རྒོ་བྱེད་མཁན་གསུམ་པ་དེ་ཡིན་པ་དང་། (༢༠༡༢ ཟླ་ ༤ ༦ ཉིན་སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས་དང་། བཙུན་མ་ཨ་ཚེ་གཉིས་ཀྱང་མི་ཉག་ནས་ཡིན།) སྤྱི་ཡོངས་ནས་བོད་ནང་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ ༡༡༩ པ་དེ་ཆགས་ཡོད་པ་རེད།

sonam_tserong_tawu1བཙུན་མ་དབང་ཆེན་སྒྲོལ་མའི་ཕ་ཡུལ་འདྲ་པ་བྲག་ཐོག་ཅེས་པ་ནི་ཁམས་མི་ཉག་གི་ཡུལ་སྡེ་ཞིག་ཡིན་པ་དང་། ད་ལྟ་རྒྱ་ནག་སྲིད་གཞུང་གིས་བཅད་བགོས་ལྟར་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི། རྟའུ་རྫོང་ཁོངས་སུ་ཡུལ་ཚོ་ ༢༠ ཡོད་པའི་ནང་ཚན་བྲག་ཐོག་ཡུལ་ཚོ་སྟེ། རྟའུ་རྫོང་སྲིད་གཞུང་ལྟེ་གནས་ནས་ལྷོ་ཤར་ཕྱོགས་ཀྱི་ལེ་བར་ ༦༣ ཙམ་གྱི་སར་ཡོད་པ་དང་། ཡུལ་སྡེ་དེའི་འཚོ་བ་གཙོ་བོ་ཞིང་ལས་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་སྲིད་གཞུང་གི་མི་འབོར་ཞིབ་བཤེར་ཐེངས་ལྔ་པ་ལྟར་ན་བྲག་ཐོག་ཡུལ་ཚོའི་མི་འབོར་ནི་ ༡༡༧༨ ཡིན་པ་དང་ལྟའི་སྐབས་མི་འབོར་དེ་ལས་མང་དུ་ཕྱིན་ཡོད་པ་རེད་འདུག །

མེ་སོར་གསར་འགོད་པས།