༄། དགེ་འདུན་ལ་སྐྱབས་སུ་མཆིའོ།།

ངུར་སྨྲིག་ན་བཟའ་གསོལ་བའི་བཙུན་ཆུང་འགས།
སྟག་སེང་ཁྱུང་འབྲུག་རླུང་རྟའི་གཟུགས་རིས་དང་།
རྒྱལ་མཚན་རྩེ་མོའི་དཔུང་གི་གཟུངས་སྔགས་རིགས།
གནམ་ལ་གཏོར་དང་ས་ལ་འགོམ་འདི་མཚར། །

ཉོན་མོངས་སྤོང་ཞུགས་སློབ་པ་ལམ་ཞུགས་ཀྱི།
དགེ་སློང་གསུམ་མམ་བཞི་སྡེ་ཡན་ཆད་དང་།
ས་ལ་གནས་པའི་འཕགས་པའི་དགེ་འདུན་ནི།
ལས་དབང་རླུང་རྟའི་རི་གསོལ་ལུགས་ལས་འདས། །

ཀི་བསྭོས་དཔའ་སྐད་དཔུང་མགོ་གནམ་འཕྱར་དང་།
ཡར་སྐྱེས་ཤིང་གསར་རྩེར་བཅད་མེར་བསྲེག་པ།
གནོད་མང་ལས་སུ་ཞུགས་པའི་དགེ་སྦྱོང་རིགས།
ཐུབ་བསྟན་ཉི་མ་ནུབ་རིར་ཡིབ་ལྟས་མངོན །