བོད་ཀྱི་རྩ་ཆེའི་ཚེ་སྲོག་དང་མཚོན་རྟགས་ཤིག་ཀྱང་ཡིན།

mind_life1དེ་རིང་སྔ་དྲོ་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག ཡུལ་ལུང་འདྲ་མིན་གྱི་སྨན་པ་དང་ཆེད་ལས་པ་སོགས་མི་གྲངས་༣༠༠ ཙམ་མཉམ་འཛོམས་ཀྱིས། ཉིན་གཉིས་རིང་གི་“ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་”ཞེས་པ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩།༣༠ ཀྱི་སྟེང་དྷ་སའི་དབུས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ། “ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་”་ཞེས་པ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་སྐུ་མགྲོིན་གཙོ་བོར་རྒྱ་གར་གྱི་མཁས་དབང་ཨ་རུན་ཀ་པུར་མཆོག་གི་གཙོས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་དང་། དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་ཚོགས་པ་ཁག་གི་འགན་འཛིན། སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་གི་འགན་འཛིན་དང་སྨན་པ་སོགས་མི་གྲངས་༣༠༠ བརྒལ་བ་མཉམ་འཛོམས་བྱས་འདུག

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་མར་མེའི་ཞལ་འབྱེད་གྲུབ་མཚམས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད། རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་བྱས་ཏེ་མཛད་སྒོ་དངོས་སུ་དབུ་འཛུགས་གནང་སོང་།

mind_life1

དེ་ནས་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བསྟན་པ་བཀྲ་ཤིས་ཀྱིས་བགྲོ་གླེང་འཚོགས་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་དོན། “སྤྱིར་བཏང་སྤྱི་ཚོགས་ཀྱི་གནས་བབས་དང་གོམས་གཤིས་མི་འདྲ་བའི་ཁར་རིག་གཞུང་གི་འབྱུང་རྩ་མི་འདྲ་བའི་དོན་དངོས་ལ་བརྟེན། འཛམ་གླིང་ཤར་ནུབ་ཏུ་གནས་པའི་འགྲོ་བ་མིའི་འདུ་ཤེས་འཛིན་སྟངས་ལ་ཁྱད་པར་ངེས་ཅན་ཞིག་བྱུང་ཡོད་ལ།  ཁྱད་པར་དེའི་དབང་གིས་མིའི་བསམ་གཞིགས་ཀྱི་ནུས་པ་འགྲན་སྡུར་དང་སྔོག་འདོན་བྱས་པ་དང་མཉམ་དུ། རིག་གཞུང་སོ་སོའི་རིན་ཐང་དང་ཕན་ནུས་གསལ་འདོན་བྱ་རྒྱུའི་གོ་སྐབས་མང་པོ་ཞིག་བྱུང་ཡོད། དེ་ཡང་བོད་གངས་ཅན་པའི་ཡུལ་དུ་ཆེས་སྔ་མོ་ནས་བོད་རང་གི་ཐུན་མིན་རིག་གཞུང་སྒྲུང་ལྡེ་བོན་གསུམ་ཡོད་མུས་ཁར། ཆོས་རྒྱལ་རྣམས་ཀྱིས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ནང་འདྲེན་གནང་སྟེ། ད་ལྟ་བོད་བརྒྱུད་ནང་བསྟན་ནི་བོད་ཀྱི་ཐུན་མིན་རིག་གཞུང་དུ་གྱུར་ཡོད་ལ། བོད་ཀྱི་རྩ་ཆེའི་ཚེ་སྲོག་དང་མཚོན་རྟགས་ཤིག་ཀྱང་ཡིན་ཞེས་བཤད་ཆོག

མདོར་ན་མགོན་པོ་གང་གི་ཐུགས་རྗེའི་བཀའ་དྲིན་དང་བཀའ་སློབ་ལམ་སྟོན་ལ་བརྟེན་ནས། བོད་ཀྱི་རིག་གཞུང་སྤྱི་དང་ལྷག་དོན་བོད་བརྒྱུད་ནང་བསྟན་ནས་གསུངས་པའི་ཟབ་ཅིང་རྒྱ་ཆེ་བའི་སེམས་ཁམས་ཕྲ་རག་གི་རྣམ་གཞག་དེ་ཉིད། རང་རེའི་ནང་པ་ཁོ་ནའི་ཁྲོད་ཁེར་རྐྱང་དུ་མ་ལུས་པར་དེང་གི་རིག་གསར་སྨྲ་བའི་དཔྱད་ཞིབ་ཀྱི་ཡུལ་དུ་སླེབས་ཐུབ་པ་དེ་ནི། ཚན་རིག་པས་སྔར་སྲོལ་ཞིབ་འཇུག་གི་ཁོར་ཡུག་ཆེ་རུ་བཏང་བ་མ་ཟད། བོད་བརྒྱུད་ནང་བསྟན་ལ་སྔར་སུས་ཀྱང་འཛིན་མ་མྱོང་བའི་དག་ཐེར་རླབས་ཆེན་ཞིག་ཆགས་ཡོད་”ཅེས་གསུངས་སོང་།

mind_life2ཁོང་གིས་མུ་མཐུད་དུ་བགྲོ་གླེང་འཚོགས་དགོས་པའི་དམིགས་ཡུལ་སྐོར་གསུངས་དོན། “དེ་ཡང་ཕྱིའི་དངོས་པོ་ཁོ་ནར་བློ་ཁ་ཕྱོགས་ནས་འགྲན་རྩོད་དང་འབྲེལ་བའི་སེམས་ཁམས་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིེར། སེམས་ཁམས་བདེ་སྲུང་གཙིགས་སུ་བཟུང་སྟེ་རྒྱལ་ཁབ་ཀྱི་སློབ་གསོ་དང་ངེས་དོན་ལག་ལེན་མངོན་འགྱུར་ཡོང་ཐབས་བྱ་རྒྱུ་ནི་ཡོལ་ཐབས་མེད་པའི་ཛ་དྲག་གི་གནས་ཚུལ་ཞིག་ཏུ་གྱུར་ཡོད། དེས་ན་སེམས་ཁམས་ལག་རྗེས་ཐད་རིག་གཞུང་ཕུན་སུམ་ཚོགས་པའི་རྒྱ་གར་དང་བོད་ལྟ་བུས་འགན་ཁུར་མང་ཙམ་ལེན་དགོས”་ཞེས་སོགས་གསུངས་ཏེ། ཚོགས་ཆེན་འདིར་བགྲོ་གླེང་གང་གནང་བ་དེ་ལག་ལེན་ལ་ཡོང་ཐབས་ཀྱིས་བགྲོ་གླེང་བ་ཚང་མས་སོ་སོའི་བརྗོད་གཞིའི་ཐོག་བསམ་ཚུལ་ལྷུག་པོར་འདོན་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།

དེ་རྗེས་ཐེངས་འདིའི་སྐུ་མགྲོིན་གཙོ་བོར་རྒྱ་གར་གྱི་མཁས་དབང་ཨ་རུན་ཀ་པུར་གྱིས་གསུང་བཤད་ གནང་སྐབས། ༧གོང་ས་མཆོག་གི་དགོངས་གཞིར་ད་ལྟའི་ཆར་རིག་གཞུང་བརྗེ་ལེན་གྱི་བགྲོ་གླེང་གང་མང་འཚོགས་དགོས་པ་གལ་ཆེན་པོ་ཡིན་སྐོར་དང་། དེ་བཞིན་འགྲོ་བ་མིའི་སྤྱི་ཚོགས་ནང་ཤེས་ཡོན་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར། ལྷག་པར་དུ་གསོ་བ་རིག་པར་སློབ་སྦྱོང་བྱས་ཏེ་སྤྱི་ཚོགས་ནང་ཞབས་འདེགས་ཞུ་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།

མཐར་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་སྨན་རམས་པ་བསོད་ནམས་སྒྲོལ་མས་ཐུགས་རྗེ་ཆེ་ཞེས་གསུངས་བཤད་གནང་སྟེ་མཛད་སྒོ་མཇུག་བསྡོམས་བྱས་སོང་།

བགྲོ་གླེང་འདིར་ཉིན་གསུམ་གྱི་རིང་ཨ་རི་ནས་མཁས་དབང་གྲགས་ཅན་བཞི་དང་། གདན་ས་ཁག་གི་དགེ་བཤེས་ལྷ་རམས་པ་བཞི། དེ་བཞིན་སྒྲོལ་མ་གླིང་གི་བཙུན་མ་གཅིག་དང་། སྨན་རམས་པ་དང་རྩིས་རམས་པ་སོགས་གསུང་བཤད་གནང་མཁན་མཁས་དབང་ཉི་ཤུས། བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ལྔ་སྟེ། ལུས་སེམས་སྲོག་གི་ངོས་འཛིན་ཚུལ་དང་གནས་ལུགས་སྤྱིའི་སྐོར། ལུས་སེམས་སྲོག་གི་རྒྱུ་རྐྱེན་སྐོར། ལུས་སེམས་སྲོག་གི་འབྲེལ་བའིོ་སྐོར། ལུས་སེམས་སྲོག་གི་འཁྲུགས་རྐྱེན་སྐོར། ལུས་སེམས་ལ་ནད་བཅོས་བྱེད་སྟངས་བཅས་ཀྱི་ཐོག་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད།