བོད་དུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་ཆོག་པ་བདེན་ནམ།

ཉེ་ཆར་བརྒྱུད་ལམ་ཁག་ཅིག་ཏུ་བོད་ཀྱི་ས་ཁུལ་ཁ་ཤས་སུ་༧ གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་དཔར་སྒྲིག་བཤམ་ཆོག་པའི་གནས་ཚུལ་ཐོན་པ་ལ་བརྟེན་ནས། མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཕྱིན་ཡོད་པའི་ཚོད་དཔག་བྱེད་བཞིན་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་དུ་འགྲོ་རྒྱུར་རེ་བ་དང་།

ཚོད་དཔག་བྱེད་མཁན་ཡང་བྱུང་ཡོད། འོན་ཀྱང་། དེ་དང་དུས་མཚུངས་བརྒྱུད་ལམ་ཁ་ཤས་སུ་རྒྱ་ནག་གཞུང་གིས་སྲིད་ཇུས་ལ་འགྱུར་ལྡོག་ཕྱིན་མེད་པ་མ་ཟད། ༧ སྐྱབས་མགོན་རིན་པོ་ཆེའི་སྐུ་དཔར་སྔར་བཞིན་བཀག་སྡོམ་བྱེད་བཞིན་ཡོད་པའི་གནས་ཚུལ་ཡང་ཐོན་འདུག

 

བོད་པའི་བརྒྱུད་ལམ་ཁག་མང་པོ་ཞིག་ཏུ་གཅིག་རྗེས་གཉིས་མཐུད་ཀྱིས་གནས་ཚུལ་དེའི་སྐོར་བཀོད་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱལ་སྤྱིའི་སྐད་རིགས་གཞན་དག་གི་བརྒྱུད་ལམ་ཁག་ཏུའང་བོད་ཀྱི་དགོན་སྡེ་ཁག་གི་ནང་༧ གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་བཤམ་ཆོག་པའི་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་མ་ཟད། གནད་དོན་དབྱེ་ཞིབ་པ་ཁ་ཤས་ཀྱིས་དཔྱད་བརྗོད་བྱས་པར་གཞིགས་ན། བློ་ཡུལ་ལས་འདས་པའི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཀྱི་འགྱུར་ལྡོག་དེས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇམ་དུ་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱེད་མཁན་ཡང་བྱུང་ཡོད།

གསར་ཏུ་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་གཞུང་གི་སྲིད་ཇུས་དེ་བོད་ཀྱི་རྒྱལ་ས་ལྷ་སའི་གདན་ས་གསུམ་གྱི་ཡ་གྱལ་དགའ་ལྡན་དགོན་དུའང་ལག་བསྟར་བྱས་ཡོད་པ་རེད། དགའ་ལྡན་དགོན་ནི་བོད་ཀྱི་ལོ་རྒྱུས་ཐོག་གལ་ཆེ་བའི་རི་བོ་དགེ་ལུགས་པའི་དགོན་སྡེ་ཞིག་ཡིན་ཞིང་། ཕྱི་ལོ་༡༩༩༦ ལོ་ནས་བཟུང་དགོན་པ་དེའི་ནང་དུ་༧ གོང་ས་མཆོག་གི་སྐུ་པར་བཀག་སྡོམ་བྱས་ཡོད།

ཞི་ཅིན་ཕིང་གིས་བོད་ཀྱི་སྲིད་ཇུས་ལ་འགྱུར་བ་བཏང་བ་ཡིན་ནམ།

དབྱིན་ཡུལ་དུ་ཡོད་པའི་རོ་ཡི་ཊར་སི་(Reuters)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁ་ཤས་སུ་༧ གོང་ས་མཆོག་གི་སྐུ་པར་བཤམ་ཆོག་པའི་སྲིད་ཇུས་དེ་བོད་ཀྱི་ས་ཆ་གཞན་དུའང་སྤེལ་འཆར་ཡོད་འདུག་པ་དང་། དེ་ནི་རྒྱ་ནག་སྲིད་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་བཏང་ནས་ཆོས་ལུགས་སྟངས་འཛིན་སྔར་བས་ཅུང་གུ་ཡངས་སུ་གཏོང་རྒྱུའི་རྟགས་མཚན་ཞིག་མངོན་པ་དང་། ཞི་ཅིན་ཕིང་གིས་དབང་ཆ་བཟུང་ནས་ཟླ་གསུམ་འདས་པའི་རྗེས་ཏག་ཏག་ལ་བྱུང་བ་ཞིག་ཀྱང་རེད།

ཨ་རིར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བརྗོད་པ་ལྟར་ན། བོད་མདོ་སྨད་མཚོ་སྔོན་གྱི་ས་ཁུལ་ཁ་ཤས་སུ་ས་གནས་གཞུང་གིས་༧ གོང་ས་མཆོག་གི་སྐུ་དཔར་སྒྲིག་བཤམ་ཆོག་པའི་བརྡ་ཁྱབ་སྤེལ་ཡོད་པ་མ་ཟད། ༧ གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་རིགས་བྱེད་མི་ཆོག་པ་དང་། དགོན་པའི་ནང་དུ་དོན་རྐྱེན་རིགས་བྱུང་བ་ཡིན་ནའང་། དམག་མི་སོགས་ཐད་ཀར་དགོན་པའི་ནང་དུ་འཛུལ་མི་ཆོག་པ་སོགས་བསྒྲགས་ཡོད་འདུག  ཡིན་ནའང་། ད་ལྟའི་བར་དུ་ལྷ་ས་དང་མཚོ་སྔོན་སོགས་གཞུང་ཕྱོགས་ནས་ཁྱབ་བསྒྲགས་བྱས་པ་ཡིན་པའི་དཔང་རྟགས་གཅིག་ཀྱང་རྙེད་རྒྱུ་མེད་པ་ཞིག་རེད།

འདས་པའི་ལོ་གཉིས་ཙམ་གྱི་སྔོན་ནས་བོད་ཀྱི་ས་ཁུལ་གང་སར་རྒྱ་གཞུང་གི་དྲག་པོའི་དབང་བསྒྱུར་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་བསྟུད་མར་རྒྱུན་ཆད་མེད་པར་བྱུང་ཡོད་པ་དང་། དེར་བརྟེན་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཅུང་ལྷོད་ཡངས་དང་ཐབས་མཁས་ཀྱི་སྒོ་ནས་བོད་མི་རྣམས་དང་འབྲེལ་ཐག་ཉེ་རུ་བཏང་ནས། བོད་ནང་གི་རང་ལུས་མེར་སྲེག་གི་ངོ་རྒོལ་གྱིས་མཚོན་པའི་རྒྱ་ནག་གཞུང་དང་བོད་མིའི་དབར་གྱི་འགལ་ཟླ་ཆུང་དུ་གཏོང་ཐབས་ཤིག་ཀྱང་ཡིན་སྲིད་པའི་ཚོད་དཔག་བྱེད་མཁན་ཡོད་པ་རེད།

རྒྱ་གཞུང་གིས་ལན་འདེབས་ཡིན་ནམ།

ཡིན་ནའང་དེ་དང་ཕྱོགས་མཚུངས་BBC གསར་ཁང་གིས་ཕྱི་ཟླ་༦ པའི་ཚེས་༢༨ ཉིན། རྒྱ་ནག་དབུས་ཆོས་ལུགས་ལས་དོན་ལས་ཁུངས་ཀྱི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་༧ གོང་ས་མཆོག་གི་སྐུ་པར་བཤམ་ཆོག་པའི་སྲིད་ཇུས་ཤིག་རྩ་བ་ནས་བཟུང་མེད་པ་རེད།

བོད་ཀྱི་རྒྱལ་ས་ལྷ་སའི་དགའ་ལྡན་དགོན་དུ་༧ གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་ཆོག་པའི་གསར་འགྱུར་དང་། བོད་མདོ་སྨད་མཚོ་སྔོན་མཚོ་ལྷོ་ཁུལ་དུ་བགྲོ་གླེང་ཚོགས་འདུ་འཚོགས་པ་སོགས་ཀྱི་གནས་ཚུལ་ཐོན་དུས་ནི། ཏག་ཏག་“རྒྱ་ནག་དབུས་གཞུང་དམར་ཤོག་སློབ་གླིང་”གི་སློབ་དཔོན་ཞིག་གིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་ལུགས་བཤད་པའི་རྗེས་སུ་བྱུང་བ་དང་། རྒྱ་ནག་དབུས་དམར་ཤོག་སློབ་གླིང་གི་སློབ་དཔོན་ཅིན་ཝན་གྱིས་ཧོང་ཀོང་གི་<<ཨེ་ཤི་ཡ་བདུན་རེའི་དུས་དེབ་>>ཀྱི་བཅར་འདྲི་དང་ལེན་བྱས་སྐབས། བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐ་སྙད་གསར་པ་ཁ་ཤས་བཤད་ཡོད་པ་དཔེར་ན། “༧རྒྱལ་བ་རིན་པོ་ཆེ་ཆོས་ལུགས་དབུ་ཁྲིད་ཀྱི་ངོ་བོ་གཙང་མའི་སྒོ་ནས་ཧོང་ཀོང་དང་མའེ་ཁོ་རུ་འཚམས་འདྲིར་ཡོང་བཅུག་དགོས་པ་མ་ཟད། མ་འོངས་པར་༧ རྒྱལ་བ་རིན་པོ་ཆེ་ཧོང་ཀོང་དུ་གཏན་བཞུགས་ཆོག་པའི་སྐོར་བསམ་བློ་གཏོང་དགོས་”ཞེས་སོགས་བརྗོད་ཡོད་པའི་རྗེས་སུ་བྱུང་བ་ཞིག་རེད།

ད་ལྟའི་བར་དུ་རྒྱ་ནག་གི་སྲིད་འཛིན་གསར་པ་ཞི་ཅིན་ཕིང་གིས་བོད་དོན་སྐོར་ཡོངས་ཁྱབ་ཀྱི་སྐད་ཆ་བཤད་པ་ཧ་ཅང་ཉུང་ཉུང་ཡིན། བརྒྱུད་ལམ་ཁག་ཁ་ཤས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཞི་ཅིན་ཕིང་གི་པཱ་ལགས་ཞི་ཏྲང་ཤུན་ནི་བློ་རྒྱ་ཆེ་བའི་སྲིད་བློན་གཞོན་པ་ཟུར་པ་ཞིག་ཡིན་ཞིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་དང་འབྲེལ་ལམ་ཧ་ཅང་ཉེ་བ་དང་། ལོ་རབས་༧༠ པའི་ནང་༧གོང་ས་མཆོག་གིས་ཞི་ཏྲང་ཤུན་ལ་ཆུ་ཚོད་ཅིག་ཕྱག་རྟགས་ལ་བསྐུར་བ་དེ། ལོ་བཅུ་ཕྲག་ཁ་ཤས་ཀྱི་རྗེས་སུའང་ཞི་ཏྲང་ཤུན་གྱིས་བཏགས་ཡོད་པ་རེད།

ཁོང་ཚོས་ང་ཚོ་བཀའ་དྲིན་ཆེན་པོ་ཡིན་དགོས་ཟེར།

ཕྱོགས་གཞན་ཞིག་གི་ངོས་ནས་བཤད་ན། རྒྱ་ནག་གཞུང་ལ་རྩོད་པ་ཆེན་པོ་ཡོད་པའི་བོད་མི་ཞིང་འབྲོག་གནས་སྤོའི་སྲིད་བྱུས་ཀྱིས་བོད་མི་མང་པོ་ཞིག་གི་འཚོ་བ་སྐྱེལ་སྟངས་རྩ་བ་ནས་འགྱུར་ལྡོག་བཏང་ཡོད་པ་དང་། ཨ་རིའི་ནིའུ་ཡོཀ་དུ་ཡོད་པའི་“རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་”ཉེ་ཆར་བཏོན་པའི་མིང་ལ་“ཁོང་ཚོས་ང་ཚོ་བཀའ་དྲིན་ཆེན་པོ་ཡིན་དགོས་ཟེར” (They Say We Should Be Grateful)ཞེས་པའི་སྙན་ཐོའི་ནང་འཁོད་དོན། བོད་མི་ཁྲི་ཉིས་བརྒྱ་ལྷག་ཙམ་རྒྱ་ནག་གཞུང་གིས་མ་རྩ་བཏང་ནས་བཟོ་བསྐྲུན་བྱས་པའི་སྡོད་ཁང་གི་ནང་དུ་གནས་སྤོས་བཅུག་ཏེ། བོད་མིའི་རིག་གནས་དང་སྔར་གྱི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ལ་གཏོར་བཤིག་བཏང་ཡོད་པ་རེད། སྙན་ཐོའི་ནང་བརྗོད་དོན། སྲིད་ཇུས་དེས་ཤུགས་རྐྱེན་ཐེབས་པའི་མིའི་གྲངས་ཀ་ནི་“བོད་རང་སྐྱོང་ལྗོངས་ནང་བསྡོམས་པའི་མིའི་གྲངས་འབོར་གྱི་གསུམ་ཆ་གཉིས་ཟིན་ཡོད་འདུག”

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་མགྲིན་ཚབ་པ་སོ་ཧྥི་རི་ཆལ་ཊི་སོན་(Sophie Richardson)གྱིས་བརྗོད་དོན། “རྒྱ་ནག་གཞུང་གི་སྲིད་བྱུས་དེས་བོད་མིའི་འཚོ་བ་སྐྱེལ་སྟངས་ཀྱི་རྣམ་པ་དེར་གཞི་རྩའི་འགྱུར་བ་ཧ་ཅང་ཆེན་པོ་ཞིག་གཏོང་བཞིན་ཡོད་ཀྱང། བོད་མི་ཚོར་དེའི་ཐོག་བསམ་ཚུལ་བརྗོད་རྒྱུའི་ཐོབ་ཐང་གང་ཡང་མེད་ཁར་རྒྱ་ནག་གཞུང་གིས་དེང་སྐབས་དམ་དྲག་ཧ་ཅང་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་སྟངས་འོག  སྲིད་བྱུས་དེ་དག་ལ་གདོང་ལེན་བྱ་རྒྱུ་དེ་བས་བརྗོད་མི་དགོས། དེར་བརྟེན་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོའི་འོག་བོད་མི་ཞིང་འབྲོག་རྣམས་གནས་སྤོ་བྱ་རྒྱུའི་སྲིད་བྱུས་དེས་བོད་རྒྱའི་མི་རིགས་དབར་འཁོན་འཁྲུག་ཤུགས་ཆེ་རུ་གཏོང་རྒྱུ་རེད་ཅེས་”ཟེར།

“འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་”ཚོགས་པས་ཉེ་ཆར་གསར་ཏུ་བཏོན་པའི་སྙན་ཐོ་དེར་རྒྱ་ནག་གཞུང་གིས་ལན་འདེབས་ཤུགས་ཆེན་བྱས་ཡོད་པ་དང་། ཕྱི་སྲིད་མགྲིན་ཚབ་པ་ཧྥ་ཁྲིན་དབྱི་ཡིས་ཕྱི་ཟླ་༦ པའི་ཚེས་༢༧ ཉིན་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་བརྗོད་དོན། “ཚོགས་པ་དེས་ནམ་རྒྱུན་བསམ་བཞིན་དུ་སྐྱོན་བརྗོད་ཀྱི་གསལ་བསྒྲགས་རྒྱུན་མ་ཆད་པར་སྤེལ་བ་དང་། ངས་ཁོང་ཚོའི་སྙན་ཐོ་ལ་ཞིབ་ཚགས་པོས་ལྟ་སྲིད་ཀྱི་མ་རེད་ལ། དཔྱད་བརྗོད་བྱེད་པའི་འདོད་པ་ཡང་མེད།  བོད་ལ་ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་ཆེན་པོ་སོང་ཡོད་པ་དང་། དེ་ནི་ཁས་ལེན་མི་བྱེད་ཐབས་མེད་ཀྱི་དངོས་ཡོད་གནས་ཚུལ་རེད་།”ཅེས་སྙན་ཐོ་དེའི་སྐོར་ལན་འདེབས་བྱས་ཡོད་འདུག