སྐྱབས་བཅོལ་བ་ཡིན་པའི་གནས་སྟངས་བརྗེད་རྒྱུ་མེད།

2013_7_2_2

ཟླ་འདིའི་ཕྱི་ཚེས་༡ ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སློབ་གྲྭའི་སྐབས་༡༢ པའི་སློབ་མ་མཐར་ཕྱིན་པའི་མཛད་སྒོ་སྟབས་བདེ་ཞིག་འཚོགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་དགོང་དྲོའི་ཆུ་ཚོད་༢ པའི་སྟེང་མེག་གྷན་དྷ་སར་ཡོད་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་དུ། དགུ་བཅུ་གསུམ་སློབ་གྲྭའི་སྐབས་༡༢ པའི་སློབ་མ་མཐར་ཕྱིན་པའི་མཛད་སྒོ་སྟབས་བདེ་ཞིག་འཚོགས་སོང་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོས་གཙོས། སྐབས་༡༢ པའི་མཐར་ཕྱིན་སློབ་མ་རྣམས་དང་སྐབས་༡༣ པའི་སློབ་མ་གསར་པ་ཁག་ཅིག་མཉམ་འཛོམས་བྱས་འདུག

2013_7_2_2མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོས་ལོ་འདིར་མཐར་ཕྱིན་པའི་སློབ་མ་ཚོར་ལག་ཁྱེར་གནང་རྗེས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། སློབ་གྲྭའི་ནང་ལོ་གཅིག་གི་རིང་དབྱིན་ཡིག་གཙོ་བོ་གྱུར་པའི་གློག་ཀླད་དང་བོད་ཡིག་བཅས་སློབ་ཁྲིད་གནང་གི་ཡོད་པ་རེད་འདུག་ལ་ད་ལྟའི་བར་སློབ་མ་༡༠༠ ལྷག་ཐོན་ཡོད་པ་རེད། དེ་བཞིན་མ་འོངས་པར་གློག་ཀླད་ཀྱི་ཐོག་ལ་སློབ་སྦྱོང་ཐོན་མཁན་ཚོར་ཚོགས་པ་ཚད་ལྡན་དེ་འདྲ་དང་མཉམ་ལག་ཁྱེར་རག་ཐབས་བྱེད་ཀྱི་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྨན་པ་མཁྱེན་རབ་རྒྱ་མཚོས། སློབ་མ་ཚོར་ལམ་སྟོན་གྱི་གསུང་བཤད་གནང་སྐབས། ཚོགས་པ་འདིའི་ནང་ཡོང་མཁན་ཚང་མ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་སྐུ་ངལ་བསྐྱོན་ནས་ཡོང་བ་ཤ་སྟག་ཡིན་པར་བརྟེན། ཚང་མས་སློབ་སྦྱོང་བྱས་ཏེ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་མུ་མཐུད་ནས་ཤུགས་རྒྱག་དགོས་སྐོར་དང་། ང་ཚོ་འདིར་སྐྱབས་བཅོལ་བ་ཆགས་ཡོད་པར་བརྟེན་དཀའ་ངལ་སྣ་ཚོགས་ཤིག་ཡོད་ན་ཡང་དེར་གདོང་ལེན་གྱིས་སྐྱབས་བཅོལ་བ་ཡིན་པའི་གནས་སྟངས་དེ་ག་དུས་ཡིན་ན་ཡང་བརྗེད་རྒྱུ་མེད་སྐོར། དེ་བཞིན་རྒྱ་གཞུང་གིས་བོད་ནང་ལ་ལས་ཀ་ག་རེ་བྱེད་ཀྱི་ཡོད་མེད་ལ་དོ་སྣང་བྱས་ཏེ། རྒྱ་གཞུང་གིས་གཡོ་རྒྱུའི་འོག་ལ་མི་འགྲོ་རྒྱུ་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུང་སོང་།

དགུ་བཅུ་གསུམ་གྱི་སློབ་གྲྭའི་སློབ་སྤྱི་ལྷ་ཆབ་སྦྱིན་པས་ངོ་སྤྲོད་གནང་བ་ལྟར་ན། ད་ལོར་སློབ་མཐར་ཕྱིན་པའི་སློབ་མ་༡༡ དང་། གསར་དུ་འཛུལ་ཞུགས་བྱེད་མཁན་མི་༩ ཡོད་པ་རེད་འདུག དེ་བཞིན་ནམ་རྒྱུན་དགུ་བཅུ་གསུམ་གྱི་སློབ་གྲྭར་འཛུལ་ཞུགས་བྱེད་མཁན་དེ་ཆབ་སྲིད་བཙོན་པའམ། ཡང་ན་དེ་དང་འབྲེལ་ཆགས་གང་རུང་ཡིན་དགོས་ཀྱི་ཡོད་ན་ཡང་། ལོ་སྔོན་མ་ནས་བོད་ནང་ནས་ཆབ་སྲིད་བཙོན་ཟུར་ཡོང་མཁན་དཀོན་པོ་ཆགས་ཡོད་པར་བརྟེན། ད་ལོ་ནས་ཆབ་སྲིད་བཙོན་པའམ་ཡང་ན་དེ་དང་འབྲེལ་ཆགས་མིན་རུང་ཟུར་ཞུགས་ཀྱི་ལམ་ནས་འཛུལ་ཆོག་གི་ཡོད་པ་རེད་འདུག་ལ། ཐོག་མར་འཛུལ་ཞུགས་སྐབས་སློབ་ཡོན་ཞིག་སྤྲད་རྗེས་དངོས་གཞིའི་སློབ་མ་དང་གཅིག་མཚུངས་ཀྱིས་སྡོད་ཁང་སོགས་འགྲོ་གྲོན་ཚང་མ་སློབ་གྲྭའི་ངོས་ནས་གཏོང་གི་ཡོད་པ་རེད་འདུག

མཐར་བོད་མི་མང་སྤྱི་འཐུས་དང་དགུ་བཅུ་གསུམ་ཚོགས་པའི་དྲུང་ཆེ་གངས་ལྷ་མོས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་རེད།