སྤེལ་རྗམ་དུ་༧སྐུའི་འཁྲུངས་སྐར་སྲུང་བརྩི།

འདི་ཟླའི་ཚེས་༦ཉིན་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༨ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་སྤེལ་རྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག གྲོང་ཁྱེར་ཨན་ཁྲིེ་ཝར་ཕན་དུ་འཚོགས་ཡོད་པ་རེད།

970082_648852021811055_29355189ས་གནས་ནས་ས་དཀར་བཀྲ་ཤིས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། འཁྲུངས་སྐར་མཛད་སྒོའི་ཐོག་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ།  ས་གནས་བོད་རིགས་མི་མང་བཅས་ཁྱོན་བསྡོམས་མི་གྲངས་བདུན་བརྒྱ་ལྷག་འདུ་འཛོམས་བྱུང་ཡོད་འདུག  མཛད་སྒོའི་ཐོག་མར་༧གོང་ས་མཆོག་གིས་སྐུའི་འཁྲུངས་སྐར་ལ་བསྩལ་བའི་བཀའ་སློབ་དུམ་བུ་མི་མང་ལ་གཟིགས་འབུལ་ཞུས་པ་དང་།  དེའི་རྗེས་སྐུ་ངོ་དངོས་གྲུབ་རྡོ་རྗོས་མི་མང་ལ་དུས་དྲན་དང་འབྲེལ་བའི་གསུངས་བཤད་གནང་།  སྤེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ཀྱིས་དུས་ཆེན་དང་འབྲེལ་བའི་གསུངས་བཤད་གནང་བ་དང་།

བོད་ཚོགས་དྲུང་ཆེ་ལྷག་པ་ཚེ་རིང་གིས་ཚོགས་པའི་ལས་བསྡོམས་སྙན་གསེང་། བོད་ཚོགས་རྩིས་བ་ཨ་རིག་དགེ་མཚན་ལགས་ནས་ཚོགས་པའི་ལོ་གཅིག་རིང་གི་བྱུང་སོང་རྩིས་ཁྲ་མི་མང་ལ་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་གནང་།

སྤེལ་རྗམ་བོད་རིགས་ཚོགས་པའི་སློབ་གྲྭའི་འགན་འཛིན་དབང་པོ་ལགས་ནས་སློབ་གྲྭའི་འཛིན་སྐྱོང་དང་འབྲེལ་བའི་གསུང་བཤད་གནང་།

མཛད་སྒོའི་སྐབས་༧གོང་ས་མཆོག་གིས་སྤེལ་རྗམ་བོད་རིགས་ཚོགས་པའི་སློབ་གྲྭར་བསྩལ་བའི་༼ཤེས་རབ་སྣང་བྱེད༽་མཚན་བྱང་མི་མང་ལ་སྤྱན་འབུལ་ཞུས་བ་དང་།  སྐུ་ངོ་དོན་གཅོད་ཀྱིས་སྤེལ་རྗམ་བོད་རིགས་ཚོགས་པ་སྐབས་དང་པོ་ནས་སྐབས་སྐབས་ལྔ་པའི་བར་གྱི་རྒྱུན་ལས་རྣམ་པར་བོད་ཀྱི་རྩ་དོན་ཆེད་ལྷག་བསམ་ཟོལ་མེད་ཀྱིས་སྤྱི་ཚོགས་ཞབས་ཕྱི་ཞུས་བར་ཐུགས་རྗེའི་ངོ་སྤྲོད་ཕྱག་འཁྱེར་གནང་ཡོད་པ་རེད།   འབྲས་སྤུངས་མོ་རྟོག་སྤྲུལ་སྐུས་འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་ཀྱི་དང་བླངས་ཞབས་ཕྱི་བ་རྣམ་པར་ཐུགས་རྗེ་ངོ་སྤྲོད་ཕྱག་རྟགས་གནང་།

མཛད་སྒོའི་མཇུག་ཏུ་བོད་རིགས་ཚོགས་པའི་ཚོགས་གཞོན་ཆོས་རས་ཐུགས་རྗེ་ཆེ་གསུང་བཤད་གནང་བ་དང་། ༸གོང་ས་མཆོག་དགུང་གྲངས་༧༨་ཕེབས་པའི་འཁྲུངས་སྐར་ལ་དགའ་དད་སྤྲོ་བའི་སྒོ་ནས་རྟེན་འབྲེལ་མཚོན་ཆེད་བོད་ཀྱི་སྲོལ་རྒྱུན་གླུ་གཞས་དང་ཞབས་བྲོ་ཁག་ཅིག་མི་མང་ལ་གཟིགས་འབུལ་ཞུས་ཡོད་འདུག

ཐེངས་འདིིའི་འཁྲུངས་སྐར་སྲུང་བརྩི་ཉིན་མོ་ནི་སྤེལ་རྗམ་དུ་བོད་རིགས་འདུ་འཛོམས་མང་ཤོས་ཀྱི་འཁྲུངས་སྐར་སྲུང་བརྩི་ཉིན་མོ་དེ་ཆགས་ཡོད་འདུག