བོད་དོན་ཐག་གཅོད་བྱེད་པའི་ལྡེ་མིག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༤༥   ཕྱི་ལོ་ ༢༠༡༣/༧/༣

རྒྱ་ནག་གི་མཁས་པ་དང་བོད་རིགས་ཆབ་སྲིད་མཁས་པ་ཁག་ཅིག་གིས་༧གོང་ས་མཆོག་ནི་བོད་དོན་ཐག་གཅོད་བྱེད་པའི་ལྡེ་མིག་ཡིན་པ་དང། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་བོད་དོན་ཐག་གཅོད་མ་ཐུབ་ན་མ་འོངས་པར་དཀའ་ངལ་ཆེན་པོ་འཕྲད་སྲིད་པའི་སྔོན་བརྡ་ཡང་ཡང་བཏང་ཡོད།

འོན་ཀྱང་ད་བར་རྒྱ་གཞུང་གིས་དེ་ལྟ་བུའི་སྲིད་བྱུས་ལངས་ཕྱོགས་བཟུང་མེད་པ་དང། ཉེ་བའི་ཆར་བོད་ཀྱི་དགོན་སྡེ་ཁག་ཅིག་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ཆོག་ཚུལ་གྱི་དྲིལ་བསྒྲགས་ཤིག་འགྲོ་བཞིན་ཡོད་ཚོད་ཀྱང། རྒྱ་དམར་དྲག་གཞུང་གི་ངོས་ནས་དེ་ལྟ་བུའི་སྲིད་བྱུས་ཤིག་བཟུང་མེད་ཚུལ་བྷི་བྷི་སི་གསར་ཁང་གི་དྲི་བར་ལན་འདེབས་བྱས་འདུག དོན་དངོས་ཐོག་གནད་དོན་དེ་བདེན་པ་རེད་དམ། གནད་དོན་ངོ་མ་གང་ཡིན་མིན་ད་དུང་བཤད་ཚོད་ཐིག་དཀའ་བ་ཞིག་རེད།

གལ་སྲིད་བདེན་པ་ཡིན་པའི་དབང་དུ་བཏང་ན་རྒྱ་གཞུང་གི་༧གོང་ས་མཆོག་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལྡེ་མིག་ཅིག་ཏུ་ངོས་འཛིན་བྱས་པ་རེད་དམ། ཡང་ན་བོད་ནང་གི་བོད་མི་ཚོའི་ཚོར་ཤུགས་གནོན་ཐུབ་པ་ཙམ་ཞིག་གི་ཆེད་དུ་ཡིན། གནད་དོན་འདི་གཉིས་ཀྱི་ནང་ནས་གང་ཡིན་གཞི་ནས་བལྟ་རྒྱུ་རེད། རྒྱ་གཞུང་གི་དམིགས་ཡུལ་ངོ་མ་དེ་གཉིས་ཀྱི་ནང་ནས་གང་ཡིན་ཡང་རུང་གཞིས་ལུས་རྒྱ་ཆེའི་མི་མང་གི་འཚོ་བ་སོས་དལ་དང་ཞེད་སྣང་མེད་པ་ཞིག་གི་འོག་ནས་སྐྱེལ་ཐུབ་པ་མ་ཟད། རང་སྲོག་བློས་གཏོང་བྱེད་དགོས་པའི་ཁོར་ཡུག་དང་གནས་སྟངས་ཛ་དྲག་དེ་ཞི་འཇམ་དུ་གྱུར་སོང་ན། དེ་ཡང་གནས་སྐབས་ཀྱི་རྒྱལ་ཁ་རླབས་ཆེན་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་རེད། གཞན་བོད་རྒྱའི་གནད་དོན་འདི་ཉིད་རྩོད་གཞི་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན་པས། སྟབས་བདེ་པོའི་ཐོག་ནས་ཐག་གཅོད་བྱེད་ཆོག་ཆོག་ཅིག་ག་ལ་ཡིན།

རྒྱ་དམར་གཞུང་གི་ངོས་ནས་བཤད་ན་མའོ་དང་ཏིང་གཉིས་ཀྱིས་རིམ་བཞིན་འགོ་ཁྲིད་བྱེད་བཞིན་པའི་སྐབས་ལྟ་བུ་ཡིན་ན། ཁོང་གཉིས་ཀྱིས་ཐག་གཅོད་དེ་མཐར་ཐུག་གི་ཐག་གཅོད་ཡིན་པ་དང། ཐག་གཅོད་དེ་ནི་རྩ་ཁྲིམས་སོགས་གང་ལས་ཀྱང་དབང་བཙན་པ་ཞིག་ཏུ་གྱུར་ཡོད། ད་ལྟའི་ཆར་ཡང་དབང་ཆ་དེ་དམར་ཤོག་གི་དབང་འཛིན་པ་ཚོའི་ལག་ཏུ་ཡོད་པ་ལས། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ལ་དབང་བའི་ཆབ་སྲིད་ལམ་ལུགས་ཤིག་མེད་ཀྱང། སྔོན་དང་མི་འདྲ་བར་མཐོ་རིམ་དཔོན་རིགས་ཁག་གི་དབར་དབང་ཆའི་འཐབ་རྩོད་ཀྱི་འགལ་ཟླ་གཏིང་ཟབ་ཡོད་པས་སྔོན་མ་བཞིན་བརྒྱ་ཁ་གཅིག་གཅོད་བྱེད་པའི་ནུས་པ་ཡོད་པའི་དཔོན་པོ་ཞིག་དེང་སྐབས་རྩ་བ་ཉིད་ནས་མེད། དེར་བརྟེན་བོད་དོན་ཐག་གཅོད་བྱེད་པའི་དཀའ་ངལ་དེ་རྒྱ་དམར་དྲག་གཞུང་གི་ངོས་ནས་སྔོན་མ་ཏིང་གི་སྐབས་ལྟ་བུ་ལས་རང་བཞིན་གྱིས་ཁག་ཏུ་སོང་ཡོད་པ་གསལ་པོ་རེད།

བོད་པའི་ངོས་ནས་དེ་དང་མི་འདྲ་པར་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་རང་ཉིད་ཀྱི་བསམ་ཚུལ་དང་ལངས་ཕྱོགས་མི་འདྲ་བ་འཛིན་མཁན་གྱི་ཚོགས་པ་དང་མི་སྒེར་བཅས་ཡོད་ཀྱང། མཐར་གཏུག་ན་ཡིད་ཆེས་དང་བརྩི་བཀུར་དད་གུས་བཅས་ཀྱི་ཐོག་ནས་བོད་དོན་ཐད་༧གོང་ས་མཆོག་གིས་ཐག་གཅོད་གནང་བ་དེར་བརྩི་འཇོག་མི་བྱེད་མཁན་གྱི་བོད་པ་ཞིག་ཡོད་པ་མ་རེད་ཅེས་ཁ་ཚོན་བཅད་ནས་བཤད་ཆོག་པ་ཞིག་རེད། གོང་དུ་བཤད་པ་བཞིན་རྒྱ་གཞུང་གི་ངོས་ནས་བོད་དོན་ཐག་གཅོད་བྱེད་པའི་ལྡེ་མིག་དེ་མི་གཅིག་ལ་རག་ལས་པ་ཞིག་མིན་ཡང། བོད་པའི་ངོས་ནས་བོད་དོན་ཐག་གཅོད་བྱེད་པའི་ལྡེ་མིག་དེ་༧གོང་ས་མཆོག་རང་ཡིན་པ་ཧ་ཅང་གསལ་པོ་རེད། རྒྱུ་མཚན་དེའི་ཐོག་ནས་བོད་ཀྱི་མ་འོངས་པའི་གནས་བབས་གང་འདྲ་ཞིག་ཏུ་བསྐྱོད་དང་མི་བསྐྱོད་དེ་ད་ལྟའི་ཆར་ཐག་གཅོད་བྱེད་རྒྱུ་སྟབས་བདེ་པོ་རེད་སྙམ།

ཉེ་ཆར་སྲིད་སྐྱོང་གིས་གསུང་བཤད་ཅིག་ཏུ་བཙན་བྱོལ་དང་མང་གཙོ་གཉིས་ལྟ་གྲུབ་ཀྱི་ཐོག་ནས་འགལ་ཟླ་ཡིན་ཞེས་གསུངས་པ་བཞིན། དོན་དངོས་ཐོག་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བསམ་ཚུལ་འདྲ་མིན་ཡོད་པ་དེ་མང་གཙོ་ལ་བརྟེན་ནས་བྱུང་ཞིང། བསམ་ཚུལ་དེ་དག་གིས་གལ་སྲིད་བོད་ཀྱི་རྩ་དོན་ལ་གནོད་ཀྱི་ཡོད་ན་དེ་སེལ་བའི་ཐབས་ལམ་གཅིག་ཁོ་ན་ཡོད་པ་ནི། འཐབ་རྩོད་གཙོ་བོར་འཛིན་པ་ལས་མང་གཙོ་གཙོ་བོར་མ་བཟུང་ན་གནད་དོན་དེ་ཐག་ཆོད་ཡོང་གི་རེད། གཞན་མང་གཙོའི་སྤྱི་ཚོགས་ཤིག་ཏུ་བསྐྱོད་བཞིན་པའི་གནས་སྟངས་ཐོག་ནས་བལྟས་ན་བསམ་ཚུལ་འདྲ་མིན་ཡོང་སྲིད་པ་དང། ཡོང་དགོས་པ་ཞིག་ཀྱང་རེད། དཔེར་ན་བོད་པའི་སྤྱི་ཚོགས་ནང་རང་བཙན་སླར་གསོ་དགོས་པའི་བསམ་ཚུལ་ཡོད་མཁན་མང་པོ་ཡོད་པ་རེད། བསམ་ཚུལ་དེ་ལྟ་བུ་མི་སླེབས་པའི་ཆེད་དུ་མང་གཙོའི་ལམ་ལུགས་དེ་མཚམས་འཇོག་བྱེད་དགོས་པ་ལྟ་བུར་གྱུར་པ་རེད།

ད་ལྟ་ང་ཚོས་རྩོད་པའི་གཞུང་འབྲེལ་གྱི་སྲིད་བྱུས་ལྟར་ན་མ་འོངས་པར་བོད་མིའི་གནས་བབས་དེ་རྒྱ་ནག་གཞུང་གི་མངའ་འོག་ཏུ་མང་གཙོའི་ལམ་སྲོལ་ཐོག་བསྐྱོད་རྒྱུ་དེ་མ་ཡིན་པས། བཙན་བྱོལ་ནང་མང་གཙོ་ལ་སྦྱང་གོམས་ཅུང་ཙམ་བྱས་པ་དེ་གཞིས་བྱེས་མཉམ་འཛོམས་སྐབས་བེད་སྤྱོད་བྱ་ཡུལ་མེད་པ་དང། བཙན་བྱོལ་ནང་མང་གཙོའི་ལམ་ལུགས་ལ་བརྟེན་ནས་གཅིག་སྒྲིལ་དང་རྩ་དོན་ལ་གནོད་ཀྱི་ཡོད་ན། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མང་གཙོའི་ལམ་ལུགས་དེ་འཕྲལ་ཕུགས་གཉིས་ལ་དགོས་མཁོ་དེ་ཙམ་མེད་པར་གྱུར་སོང་བ་མིན་ནམ། དེ་བས་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་བཟང་ཐག་ངན་ཐག་ཅིག་ཆོད་སོང་ན་ཆེ་ས་ནས་དེ་ལ་མི་ཉན་མཁན་བོད་པ་སུ་གཅིག་ཀྱང་མེད་པས། ཐབས་ལམ་འདི་ཉིད་ང་ཚོའི་ལམ་ཐག་ཉེ་ཤོས་སུ་གྱུར་སོང་བ་མིན་ནམ།།