༸གོང་ས་མཆོག་ཧུན་སུར་རབ་རྒྱས་གླིང་དུ་ཆིབས་བསྒྱུར།

2013_7_12_1

༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁག་གི་མཛད་འཕྲིན་རྣམས་གྲུབ་སྟེ། ཕྱི་ཚེས་༡༢ ཉིན་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་རྫོང་དཀར་ཆོས་སྡེར་བཅོམ་ལྡན་འདས་དཔལ་དགྲ་ནག་བཅུ་གསུམ་མའི་བཀའ་དབང་གནང་འགོ་བཙུགས་ཡོད་པ་རེད།

དེ་ཡང་༸གོང་ས་མཆོག་གིས་ཟླ་འདིའི་ཚེས་༧ ནས་བཟུང་སེ་ར་བྱེས་སྨད་གཉིས་དང་རྣམ་གྲོལ་གླིང་བཅས་སུ་མཛད་འཕྲིན་གཙོ་བོ་རིས་མེད་ཀྱི་དགེ་འདུན་པ་༤༠༠ ལྷག་ཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་ནས་བཞུགས་ཡོད་པ་དང་། ཞོར་དུ་ཕྱི་ཚེས་༡༡ ཉིན་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་གྱི་གོ་སྒྲིག་འོག ལུགས་བསམ་མཉམ་འབྲེལ་ཚོགས་ཁང་གསར་པར་་རབ་གནས་དང་། སྦེལ་ཀོབ་གཞིས་ཆགས་ཐོག་མ་གསར་འཛུགས་གནང་མཁན་གྱི་མི་རབས་རྒན་པ་དགུང་ལོ་༧༠ ཅན་གྱི་མི་སྐྱ་ཕོ་མོ་བརྒྱད་བརྒྱ་ལྷག་ཅིག་ལ་དམིགས་བསལ་མཇལ་ཁ་གནང་ཡོད་པ་རེད།

2013_7_12_1སྐབས་དེར་༧གོང་ས་མཆོག་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོའི་ངང་ནས་མཉམ་འབྲེལ་གྱི་ཚོགས་ཁང་གསར་རྒྱག་གི་ལས་དོན་སྐོར་བཀའ་འདྲི་དང་། མི་མང་ལ་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད། ལྷག་པར་མི་རབས་རྒན་པ་དེ་དག་ལ་བཀའ་སློབ་གནང་དོན།  “ཁྱེད་རང་ཚོ་རིམ་པ་རིམ་པ་བྱས་ནས་མི་ཚེའི་མཐའ་ལ་གཏུག་འགྲོ་ཡི་ཡོད་རེད། དེ་ང་རང་ཚོས་བཅོས་སུ་ཡོད་པ་མ་རེད། སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་བརྒྱད་ཅུ་གྱ་གྲངས་ཤིག་ནས་དགོངས་པ་རྫོགས་པའི་ཚུལ་བསྟན་པ་རེད། མཛད་པ་དེ་འདྲ་ཞིག་མཛད་པ་རེད། ང་རང་ཚོ་ཚང་མ་སྐྱེས་པའི་མཐའ་མ་ཤི་རྒྱུ་རེད། ག་རེ་གལ་ཆེན་པོ་རེད་ལབ་ན། གསོན་པའི་རིང་དེར་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་ཡོད་ན། དེ་ནས་འགྱོད་པ་ཁྱོན་ནས་ཡོད་པ་མ་རེད། གསོན་པའི་རིང་དེར་མི་ཚེ་ལ་ཁྲམ་པ། རྫུན་མ། སྡིག་པ་བསག་པ་དེ་འདྲ་ཞིག་གི་ཐོག་ནས་ཕྱིན་པ་ཡིན་ན། དེ་ནས་དངོས་གནས་གང་ལྟར་མི་ཚེའི་མཐའ་མ་དེར་སླེབས་སྐབས་ལ་འགྱོད་པ་སྐྱེས་རྒྱུ་ཞིག་དང་། དངངས་སྐྲག་སྐྱེས་རྒྱུ་ཞིག་རེད། ཁྱེད་རང་ཚོ་སྤྱིར་བོད་འབངས་མ་རྒན་སེམས་ཅན་ཐམས་ཅད་ཟེར་ནས་སྨོན་ལམ་རྒྱག་མཁན་ཞིག  དེ་ནས་ཡང་ང་ཚོ་བཙན་བྱོལ་ལ་སླེབས་ནས་རྐང་པ་བཙུགས་ས་མེད་ས་ཞིག་ལ་གཞི་ནས་རྐང་པ་བཙུགས་ས་ཞིག་བཙལ་ནས། དེ་འདྲ་ཞིག་གི་ཐོག་ནས་ང་ཚོ་འདིར་སྦེ་ལ་ཀོབ་པེ་གཞིས་ཆགས་ལབ་དུས་སྐབས་ལ། གཞིས་ཆགས་ཆེ་ཤོས་ཤིག་དང་དྲག་ཤོས་ཤིག་ཆགས་ནས། ང་ཚོ་བོད་མི་རིགས་ཀྱི་སོན་རྩ་འདྲ་པོ་ཞིག་ཆགས་འགྲོ་ཡི་ཡོད་རེད། དེ་ནས་ཡར་སྐྱེས། དེ་ནས་ཡར་ཚར་ལོངས་བྱུང་བའི་མི་གསར་པ་དེ་དག་གིས་དེ་རིང་ཁ་སང་བཙན་བྱོལ་བའི་ནང་ལ་འགན་ཁུར་ནས་བསྡད་ཡོད་པ་རེད། དཔེར་ན་ང་ཚོའི་སྲིད་སྐྱོང་ལ་ཆགས་བཞག་ན་རྒྱ་གར་ནས་ཡར་སྐྱེས་པ་ཞིག་རེད། ང་ཚོའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་རྒྱ་གར་ནས་སྐྱེས་པ་ཞིག་རེད། རྒྱ་གར་ལ་སྐྱེས། རྒྱ་གར་ལ་འཚར་ལོངས་བྱུང་། སློབ་སྦྱོང་བྱས། དེ་རིང་ཁ་སང་ང་ཚོའི་སྤྱི་པའི་དོན་དག་ལ་འགན་ཁུར་མཁན་ཆགས་པ་དེ་འདྲ་རེད། དེ་བཞིན་གདན་ས་ཚོའི་ནང་ན་ཡང་མཁན་པོ་དང་། དཔེ་ཁྲིད་བྱེད་མཁན་གྱི་དགེ་རྒན་དེ་ཚོའི་གྲས་མང་པོ་ཞིག་རྒྱ་གར་ལ་སྐྱེས། རྒྱ་གར་ནས་ཡར་འཚར་ལོངས་བྱས། གདན་ལ་ཞུགས། སློབ་གཉེར་བྱས། དགེ་བཤེས་ཐོན། དེ་འདྲ་བྱས་ནས་ཆོས་ཕྱོགས་ཀྱི་ཐོག་ནས་ཡིན་ནའང་། ང་ཚོའི་མི་རབས་གསར་བ་ཞིག་གིས་འགན་པ་དེ་འདྲ་ཆགས་བསྡད་ཡོད་རེད། བྱས་ཙང་ཁྱེད་རང་དེ་ལྟར་བསམ་བློ་ཐོངས་དང་། ང་ཚོའི་གཞིས་ཆགས་དེ་བཙུགས་ནས་བོད་བསྟན་པ་སྤྱིའི་དོན་དག་ལ་ག་ཚོད་ཅིག་གི་ཞབས་འདེགས་སྒྲུབ་ཐུབ་པར་བསམ་བློ་ཞིག་བཏང་ན། དངོས་གནས་གྲུབ་འབྲས་ཐོན་ཡོད་རེད། ཞབས་འདེགས་ངེས་ཅན་བསྒྲུབ་ཡོད་རེད། དེ་རང་གི་སྤོ་སྤོ་རྨོ་རྨོ་དེ་དག་གིས་དཀའ་ལས་བརྒྱབ་ནས་བྱུང་པ་རེད། དེ་འདྲ་ཡིན་དུས་མི་ཚེ་དོན་དང་ལྡན་པ་རེད། ཤེས་སོང་ཨ། བྱས་ཙང་བློ་བདེ་པོ་གྱིས་” ཞེས་བཀའ་སློབ་གནང་ཡོད་པ་རེད།
དེ་ནས་ས་སྐྱ་བརྩེ་ཆེན་དགོན་དུ་ཆིབས་བསྒྱུར་བསྐྱངས་རྗེས་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་དང་། རྣམ་གྲོལ་གླིང་ནས་ཀྱང་རིས་མེད་ཀྱི་དགེ་འདུན་པ་ཁག་ཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་སྟེ། བཞུགས་ཞག་མཛད་པ་དང་། ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པ་ཆུ་ཚོད་༧ པ་ནས་༸གོང་ས་མཆོག་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཆིབས་བསྒྱུར་གྱིས། བཀྲ་ཤིས་ལྷུན་པོར་ཆོས་གྲྭ་གསར་པ་ཞིག་དབུ་འབྱེད་གནང་བ་དང་། དགོན་པའི་ནང་བསླབ་པ་སློབ་གཉེར་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། ལྷག་པར་བཀྲ་ཤིས་ལྷུན་པོར་མཚན་ཉིད་ཀྱི་སྐོར་ལ་སློབ་གཉེར་བྱེད་རྒྱུ་གལ་ཆེན་ཡིན་པའི་བཀའ་སློབ་ཀྱང་གནང་ཡོད་པ་རེད།
2013_7_12_2དེ་ནས་ཆུ་ཚོད་༨ པའི་ཐོག་ནས་ཧུང་སུར་རབ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཏེ། རྫོང་དཀར་ཆོས་སྡེའི་འདུ་ཁང་ཆེན་མོར་ཞབས་སོར་འཁོད་པ་དང་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྗེ་རིན་པོ་ཆེས་གསུང་ལས་དཀྱིལ་ཆོག་རིན་ཆེན་ཕྲེང་བ་ལས་དགྲ་ནག་བཅུ་གསུམ་གྱི་དབང་གནང་རྒྱུ་བྱུང་བ་ནི་ཞེ་དྲག་ཡག་པོ་བྱུང་སོང་ཞེས་བཀའ་སློབ་གནང་སོང་།  ༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དེ་རིང་ཕྱི་ཚེས་༡༢ ཉིན། དང་པོ་རྗེ་རིན་པོ་ཆེའི་གསུང་བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག་རིན་ཆེན་ཕྲེང་བ་ནས་”བཅོམ་ལྡན་འདས་དཔལ་དགྲ་ནག་བཅུ་གསུམ་མའི་བཀའ་དབང་གི་སྒྲུབ་ཞགས་དང་། ལྟ་གོན་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༣ ཉིན་བཅོམ་ལྡན་འདས་དཔལ་ལྡན་དགྲ་ནག་བཅུ་གསུམ་མའི་བཀའ་དབང་དངོས་གཞི་གནང་རྒྱུ་ཡིན་པ་རེད་འདུག
རྫོང་དཀར་ཆོས་སྡེ་དགའ་ལྡན་འཕེལ་རྒྱས་གླིང་གི་ཆོས་བརྡའི་གསལ་བསྒྲགས་ནང་འཁོད་པ་ལྟར་ན། ད་ཐེངས་༸གོང་ས་མཆོག་གིས་བཅོམ་ལྡན་འདས་དཔལ་དགྲ་ནག་བཅུ་གསུམ་མའི་བཀའ་དབང་བཀའ་དྲིན་བསྩལ་རྒྱུའི་དམིགས་ཡུལ་གཙོ་བོ་ནི་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བཞིན། རྗེ་རིན་པོ་མཆོག་གི་གསུང་ལས་འཇིགས་བྱེད་བཅུ་གསུམ་མའི་དབང་ལུང་ཁྲིད་རྒྱུན་ཉམས་བཞེས་དར་ཆེ་བ་ལས། གཤེད་དམར་དང་དགྲ་ནག་བཅུ་གསུམ་མའི་དབང་ལུང་མན་ངག་གི་རྒྱུན་ཆེས་དཀོན་པོར་གྱུར་ཡོད་པར་བརྟེན། བཅོམ་ལྡན་ལྡན་འདས་དཔལ་གཤེད་མར་དང་དགྲ་ནག་བཅུ་གསུམ་མའི་དབང་ལུང་མན་ངག་གི་རྒྱུན་བསྐྱར་གསོ་རྒྱུན་འཛིན་ཡོང་ཐབས་སུ་དམིགས་པ་ཞིག་ཡིན་ཅེས་འཁོད་འདུག
གཞན་ཡང་ཕྱིན་ལོ་༢༠༠༦ ལོར་ཡང་རྫོང་དཀར་ཆོས་སྡེ་དགའ་ལྡན་འཕེལ་རྒྱས་གླིང་དུ་༸གོང་ མཆོག་གི་ཕྱི་ནང་གི་དད་ལྡན་སྟོང་ཚོ་མང་པོར་གཤེད་དམར་བཅུ་གསུམ་མའི་བཀའ་དབང་ཅིག་ཀྱང་བསྩལ་གནང་ཡོད་པ་རེད་འདུག
༸སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྫོང་དཀར་ཆོས་སྡེ་རུ་དགྲ་ནག་བཅུ་གསུམ་མའི་བཀའ་དབང་གནང་གྲུབ་པ་དང་། ཕྱི་ཚེས་༡༤  ཉིན་ནས་གཉིས་ཀྱི་རིང་ལ་དཔལ་ལྡན་རྒྱུ་སྨད་གྲྭ་ཚང་དུ་ཕྱག་རྒྱ་ཆེན་མོའི་བཀའ་ཁྲིད་བཀའ་དྲིན་སྩོལ་རྒྱུ་ཡིན་པ་རེད་འདུག
མེ་སོར་གསར་འགོད་པས།