བུད་མེད་ལྷན་ཚོགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་མེད།

twa2_2013_7_18ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་གླིང་གཞིས་ཆགས་སུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༡ པ་དེ་དངོས་སུ་འགོ་འཛུགས་བྱས་ཡོད་པ་དང་། ཚོགས་གཙོ་བཀྲ་ཤིས་སྒྲོལ་མས་བུད་མེད་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད།

དེ་ཡང་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༡ དེ་འགོ་འཛུགས་སྐབས། ཐོག་མར་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དང་བུད་མེད་ལངས་གླུ་བཅས་ཀྱིས་སྔོན་བསུས་ཏེ། བོད་བསྟན་སྲིད་རང་དབང་སླར་གསོའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་མྱ་ངན་གུས་འདུད་ཞུས་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བཀྲ་ཤིས་སྒྲོལ་མས་བོད་ཀྱི་བུད་མེད་ལྷན་ཚོགས་འགན་འཛིན་ལྷན་ཚོགས་ཐེངས་ ༡༡ པ་ངོ་སྤྲོད་དང་འབྲེལ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་བསྡོམས་དང་འབྲེལ་བའི་གཏན་བཤད་གནང་སྐབས། བོད་ཀྱི་བུད་ལྷན་ཚོགས་ཀྱི་བྱུང་རབས་ལོ་རྒྱུས་དང་འབྲེལ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དམིགས་ཡུལ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་སྐོར་ལ་གསུང་དོན། “བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་གཞིའི་དགོངས་དོན་ཆབ་སྲིད་ཀྱི་ལངས་ཕྱོགས་དབུ་མའི་ལམ་ལ་འགྱུར་བ་ནམ་ཡང་མེད་ཐོག ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་ཤར་བསྐྱོད་གནང་རྒྱུ་ཡིན་”ཞེས་བརྗོད་སོང་། བཀྲ་ཤིས་སྒྲོལ་མས་མུ་མཐུད་དུ་འདས་པའི་ལོ་གཅིག་དང་ཕྱེད་རིང་གི་ལས་བསྡོམས་སྒྲོགས་སྦྱང་གནང་བའི་ནང་འཁོད་པ་ལྟར་ན། བོད་ཀྱི་བུད་མེད་ལྷ་ཚོགས་ཀྱིས་ཆོས་ཕྱོགས་དང་༸གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་ལས་འགུལ་རྣམས་གྲངས་ ༩ དང་། ཆབ་སྲིད་དང་འབྲེལ་བའི་ལས་འགུལ་རྣམ་གྲངས་ ༢༧ ། དེ་བཞིན་ཁོར་ཡུག་དང་། བཅར་འདྲི་དང་གཏམ་བཤད། གསར་འགོད་གསལ་བསྒྲགས། ཤེས་ཡོན་དང་ནུས་སྟོབས་གོང་སྤེལ་བའི་ལས་འགུལ། འཚམས་འདྲི་དང་སྣེ་ལེན། ཚོགས་འདུ་ཁག་ལ་མཉམ་ཞུགས། གདུང་སེམས་མཉམ་བསྐྱེད་དང་སྤྱི་ཚོགས་ཞབས་ཞུ་སོགས་བོད་བསྟན་སྲིད་རང་དབང་འཐབ་རྩོད་ཆེད་ལས་འགུལ་ཐེངས་ ༩༥ ལྷག་སྤེལ་ཡོད་པ་རེད་འདུག

twa1_2013_7_18གཞན་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མས་མུ་མཐུད་དུ་བོད་ནང་གི་ཛ་དྲག་གནས་ཚུལ་དང་སྐབས་བབ་བོད་དོན་གནས་སྟངས་ལ་གཞིགས་པའི་བོད་མི་རྣམས་ལ་རིག་གཞུང་སླར་གསོ་བྱ་བའི་འགན་ཡོད་སྟབས། དང་པོ་རང་ངོས་ནས་བོད་སྐད་བཤད་རྒྱུ་དང་བོད་ཡིག་སྦྱང་དགོས་པ་གལ་ཆེན་པོ་དང་། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་གཞིའི་ནང་འཁོད་པ་ལྟར་ལྷ་ཆོས་དགེ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་བཅས་ཀྱི་ལམ་སྲོལ་རྒྱུན་འཛིན་བྱེད་དགོས་སྐོར་སོགས་ཀྱི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།

དེ་བཞིན་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེགས་༡༡ པའི་ཐོག་དམིགས་བསལ་སྐུ་མགྲོན་གྲུབ་དབང་རྫོགས་ཆེན་དགོན་པའི་སྐུ་ཚབ་སྤྲུལ་སྐུ་མདོ་སྔགས་ཉི་མས་ བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་འབྲེལ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ད་ལྟ་བར་དུ་བོད་གཞུང་གི་ལངས་ཕྱོགས་དང་མཐུན་པའི་ལས་འགུལ་སྤེལ་བཞིན་པ་ལྟར་མ་འོངས་པར་ཡང་དེ་ལྟར་གནང་དགོས་སྐོར་གྱི་རེ་སྐུལ་དང་ལམ་སྟོན་གནང་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་གདན་ཞུས་སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་རིན་པོ་བློ་བཟང་བདེ་ལེགས་ཀྱིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་ཚངས་མས་རང་ཉིད་ཀྱི་སྒེར་དོན་རྒྱབ་དུ་བསྐྱུར་ནས། བོད་སྤྱི་བའི་ལས་དོན་དང་འབྲེལ་བའི་ཐོག་འདི་ལྟར་ཕེབས་པར་བསྔགས་བརྗོད་གནང་བ་དང་འབྲེལ། བུད་མེད་ལྷན་ཚོགས་ཀྱི་དམིགས་ཡུལ་ ༸གོང་ས་མཆོག་གི་བཀའ་དགོངས་ལྟར་དབུ་མའི་ལམ་ལ་ཤར་བསྐྱོད་བྱས་ནས་འགྲོ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ལ་མི་མང་གིས་རྒྱབ་སྐྱོར་ཡང་རག་གི་རེད་ཅེས་གསུངས་ཡོད་པ་རེད། མཁན་རིན་པོ་ཆེས་གཞན་ཡང་ལྷག་བསམ་རྣམ་དག་བྱས་ནས་བོད་དོན་ཛ་དྲག་གི་གནས་སྟངས་འདི་ལྟ་བུའི་སྐབས་སུ་བོད་དོན་ལས་འགུལ་སྤེལ་རྒྱུ་དེ་ནི་གལ་ཆེན་པོ་རེད་ལ་དགེ་བ་ཆེན་པོ་རེད་ཅེས་གསུངས་སོང་།

གཞན་ཡང་ཐེངས་འདིའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༡ པའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འོག་ས་གནས་ཁག་ཏུ་རྒྱུན་ལས་ལོ་ངོ་ ༡༢ ཡན་གནང་མྱོང་བའི་བུད་མེད་རྣམས་ལ། ༼བོད་ཀྱི་བདེན་པའི་འཐབ་རྩོད་ལ་ལྷག་བསམ་གཡོ་བ་མེད་པར་སྐུ་ལས་བསྐྱོན་གནང་བའི་བྱས་རྗེས་ལ་ཡི་རངས་དང་བསྔགས་བརྗོད་ཞུ།༽བར་ དམིགས་བསལ་གཟེངས་བསྟོད་ལག་རྟགས་རེ་སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་རིན་པོ་ཆེས་ཕྱག་ནས་གནང་ཡོད་པ་རེད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ནི་ལོ་གཅིག་དང་ཕྱེད་རེའི་ནང་འཚོགས་བཞིན་ཡོད་པ་དང་། འགན་འཛིན་ལྷན་ཚོགས་སྐབས་གཙོ་བོ་ས་གནས་ཁག་གི་བུད་མེད་ལྷན་ཚོགས་ཀྱི་ཚོགས་པ་ཁག་གི་ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་སྒྲོགས་སྦྱང་དང་། དྲི་བ་དྲིས་ལན། འདས་པའི་ལོ་གཅིག་དང་ཕྱེད་ཀྱི་རིང་ལ་བུད་མེད་འགན་འཛིན་ལྷན་ཚོགས་དང་ཚོགས་ཆེན་བཅས་ཀྱི་ཐོག་གྲོས་ཆོད་བྱུང་བའི་བྱེད་སྒོ་ཁག་ལག་བསྟར་བྱུང་ཡོད་མེད་སོགས་ལ་རྟོགས་ཞིབ་དང་། དེ་མིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་དོན་འཐབ་རྩོད་དང་འབྲེལ་བའི་སྐབས་བབ་ཀྱི་གནད་དོན་ཁག་ལ་གྲོས་བསྡུར་གྱིས་གྲོས་ཆོད་འཇོག་རྒྱུ་ཡིན་པ་རེད་འདུག

ཐེངས་འདི་བོད་ཀྱི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༡ པའི་ཐོག་ས་གནས་ཁག་ ༢༧ ནས་ནས་ཚོགས་བཅར་བ་མི་གྲངས་ ༡༡༥ མཉམ་འཛོམས་ཡོད་པ་རེད།

བོད་ཀྱི་བུད་མེད་ལྷ་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐོག་བགྲོ་གླེང་བྱེད་པ་དང་དྲི་བ་དྲིས་ལན་གནང་བའི་སྐབས་སུ་བོད་སྐད་ཁོ་ན་ལས་སྐད་ཡིག་བསྲེས་ལྷད་བྱེད་ཆོག་གི་མི་འདུག་ལ། གལ་དེ་དབྱིན་ཇི་དང་རྒྱ་གར་སྐད་ལྟ་བུའི་སྐད་ཡིག་གཞན་པ་བསྲེ་ལྷད་བྱུང་བ་པ་ཡིན་ན། མིང་ཚིག་རེ་རེ་ཧིན་སྒོར་ལྔ་རའི་ཆད་པ་གཅོད་རྒྱུ་ཡིན་ཞེས་ཀྱང་བསྒྲགས་སོང་།།

མེ་སོར་གསར་འགོད་པས་ཀོ་ལེ་གྷལ་དོན་ལྡན་གླིང་ནས།