རྒྱ་གཞུང་གི་འོག་ཏུ་ཕྱུག་པོ་ཆགས་ཐུབ་བམ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༤༨ ཕྱི་ལོ་ ༢༠༡༣/༧/༢༤
ད་ཆ་རྒྱ་ནག་གི་དཔལ་འབྱོར་རྒྱལ་སྤྱིའི་ཐོག་རྩེ་གྲས་ཀྱི་ནང་སླེབས་ཡོད་པ་དང། མི་འབོར་དང་ཁྲོམ་ར་ཆེ་ཤོས་སུ་གྱུར་པའི་རྒྱ་ནག་ལ་མཚོན་ན་ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ཁག་གི་མིག་ནང་གལ་ཆེ་ཤོས་སུ་འགྱུར་བཞིན་ཡོད། དེ་ནི་རྒྱལ་ཁབ་སོ་སོས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་ཡག་པོ་འཛིན་ཐུབ་ན་བཟོ་གྲྭ་ཁག་གི་ཚོང་ཡག་པོ་ཡོང་བ་དང་།
ལྷག་པར་དུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་ཏུ་བཟོ་གྲྭ་མང་པོ་བརྒྱབ་ན་ཁོར་ཡུག་ལ་གནོན་སྐྱོན་འགྲོ་བ་མ་ཟད། ལས་བཟོ་བ་རྣམས་ལ་ཐོབ་ཐང་ཆེན་པོ་ཡོད་པས། དེ་བས་རྒྱ་ནག་ནང་མ་རྩ་བཏང་ནས་བཟོ་གྲྭ་འཛུགས་པ་སོགས་ལ་བརྟེན་ནས་བྱུང་ཡོད། རྒྱ་ནག་ནང་ཕྱིའི་ཁྲ་ཁྲ་ཟང་ཟིང་གི་ཡར་རྒྱས་ཅུང་ཆེན་པོ་ཡོད་ཀྱང་དེ་ལ་དབང་བའི་མི་མང་ག་ཚོད་ཡོད་མེད་དང། དོན་དངོས་རྒྱ་ནག་ཕྱུག་པོ་ཆགས་པའི་ནང་དུ་སུ་ལ་ཁེ་བཟང་རག་གི་ཡོད་མེད་དེ་བསམ་ཞིབ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད།
རྒྱ་ནག་གི་སྤྱི་ཚོགས་ནང་དབུལ་པོ་ཧ་ཅང་མང་བ་དང། དེ་ཡང་ཟས་གོས་དང་གནས་མལ་ཙམ་གྱི་ཐོག་ནས་དཀའ་ངལ་འཕྲད་ཀྱི་ཡོད། གྲོང་ཁྱེར་ཁག་གི་འཛུགས་སྐྲུན་དག་རྒྱ་ནག་མི་མང་དང་འབྲེལ་བ་གང་ཡང་མེད་པ་ལྟ་བུར་གྱུར་ཡོད་ལ། གཙོ་ཆེ་ཤོས་གཞུང་གི་གནད་ཡོད་མི་སྣ་དང་བཟོ་ཚོང་ལས་རིགས་ཁག་གི་སྦྱིན་བདག་རྣམས་ཡིན། མདོར་ན་རྒྱ་ནག་ནང་གི་ཕྱུག་བདག་ཆེ་ཤོས་རྣམས་ཀྱི་ནང་ནས་བརྒྱ་ཆ་བདུན་ཅུ་ཙམ་དམར་ཕྱོགས་ཀྱི་དཔོན་རིགས་དང་འབྲེལ་བ་ཡོད་པ་གསལ་པོར་གྱུར་ཡོད། དེར་བརྟེན་བོད་པ་རྒྱ་གཞུང་གི་མཉམ་དུ་བསྡད་ནས་ཕྱུག་པོ་ཆགས་ཐུབ་པ་ཞིག་ཡིན་ན་འདས་པའི་ལོ་དྲུག་ཅུ་ལྷག་ཙམ་གྱི་རིང་མཉམ་དུ་བསྡད་པས་ཕྱུག་པོ་ཆགས་དགོས་ཚོད་རེད་དེ། ད་བར་དོན་དངོས་ཀྱི་ཕྱུག་པོ་ཆགས་མཁན་བྱུང་མེད་པས་ཀྱང་རྒྱ་གཞུང་གི་མཉམ་དུ་བསྡད་ནས་ཕྱུག་པོ་ཆགས་ཐུབ་པ་ཞིག་མིན་པ་ར་སྤྲོད་བྱས་པ་ཞིག་རེད། གལ་སྲིད་ཆགས་པའི་དབང་དུ་བཏང་ནའང་བོད་རིགས་བླ་ཆེན་དང་དཔོན་རིགས་མཐོ་གྲས་ཁག་ཅིག་ཙམ་ཡིན་གྱི་རེད།
ད་ལྟའི་ཆར་འཛམ་གླིང་གི་ཕྱུག་བདག་ཆེ་ཤོས་དེ་མེཀ་སི་ཀའོ་རྒྱལ་ཁབ་ཀྱི་ཚོང་པ་ཞིག་ཡིན་པ་དང། ཁོང་གི་དཔལ་འབྱོར་བསྡོམས་ཨ་སྒོར་ཐེར་འབུམ་བདུན་ཅུ་ལྷག་ཅིག་ཡིན་པ་མ་ཟད། དེ་ཡང་དཀའ་ལས་གང་མང་བརྒྱབ་ནས་གསོག་སྒྲུབ་བྱས་པ་ཞིག་ཡིན་པ་སྨྲོས་མེད་རེད། ཉེ་ཆར་རྒྱ་གཞུང་གི་དབང་ཆ་ཆེ་ཤོས་འཛིན་མྱོང་བའི་ཏིང་ཞོ་ཕིང་གི་བུས་ཨ་སྒོར་ཐེར་འབུམ་བརྒྱ་ཁུར་ནས་རྒྱལ་ཁབ་གཞན་ཞིག་ཏུ་བྲོས་བྱོལ་དུ་སོང་བའི་གནས་ཚུལ་ཐོན་ཡོད་པས། ཁོ་པ་ནི་དཀའ་ལས་གང་ཡང་མ་བརྒྱབ་པར་འཛམ་གླིང་གི་ནང་ཕྱུག་བདག་ཆེ་ཤོས་སུ་གྱུར་པ་དང། འཛམ་གླིང་གི་ཕྱུག་བདག་ཆེ་ཤོས་དང་དཔལ་འབྱོར་གྱི་ཧེ་བག་ཐོག་ནས་ཨ་སྒོར་དུང་ཕྱུར་༣༠༠ མ་ཟིན་ཙམ་གྱིས་ཁོ་པ་མང་བ་ཆགས་ཟིན། ད་དུང་ལོ་སྔོན་མའི་ནང་དུ་ཨ་རིའི་བརྒྱུད་ལམ་ཁག་ཅིག་ཏུ་ཝིན་ཅ་པའོ་ཡི་ནང་མིས་ཨ་སྒོར་ཐེར་འབུམ་བརྒྱ་ཕྲག་ཁ་ཤས་ལྐོག་ཟ་བྱས་པའི་གནས་ཚུལ་ཡང་ཐོན་ཡོད།
ལྐོག་ཟ་བྱེད་མཁན་རེ་ཟུང་ཞིག་བཙོན་འཇུག་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་ཀྱང། དོན་དུ་གཞུང་གི་དཔོན་རིགས་དང་ཚོང་པ་ཆེ་ཁག་གི་ལག་ཏུ་རྒྱ་ནག་གི་དཔལ་འབྱོར་གྱི་མ་རྩ་འཁོར་རྒྱུག་བྱེད་ཀྱི་ཡོད་པ་ལས། རྒྱ་རིགས་མི་མང་དཀྱུས་མ་རྣམས་ནི་ཨ་རི་དང་ཡུ་རོབ་ཀྱི་ཡུལ་གྲུ་ཕལ་མོ་ཆེ་ལྟ་བུ་ཕྱུག་པོ་གཏན་ནས་ཆགས་ཐུབ་མེད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་དཔལ་འབྱོར་གྱི་ཁེ་ཕན་གཙོ་བཟུང་བྱས་ནས་རྒྱ་ནག་གི་སྟངས་འཛིན་འོག་ཏུ་བསྡད་ན་ཕྱུག་པོ་ཆགས་པ་དང། ད་ལྟའི་ཆར་ཡང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ཡར་རྒྱས་སོང་ཡོད་ཅེས་བསྒྲགས་བཞིན་ཡོད་ཀྱང། དོན་དམ་པར་བོད་རིགས་མི་མང་དབུལ་ཕོངས་ཀྱི་གནས་ནས་ཐར་ཐུབ་མེད་པ་དང། སྤྱི་ཡོངས་ཀྱི་འཛམ་གླིང་གི་འགྱུར་འགྲོས་ལ་གཞིགས་ནས་ཡར་རྒྱས་ཅུང་ཙམ་སོང་ཡོད་པ་དེ་དག་རྒྱ་ནག་གི་ནུས་ཤུགས་གཏན་ནས་མེད་པའི་ལུང་པ་དག་ཏུའང་སོང་ཡོད་པས། དེ་རྒྱ་ནག་གི་བཀའ་དྲིན་ཡིན་ཞེས་བཤད་མི་འོས་པ་ཞིག་རེད།
བོད་པའི་འཐབ་རྩོད་དེ་བོད་ཕྱི་ནང་གི་བོད་མི་ཕལ་མོའི་ཆེའི་སེམས་ལ་བདེན་པའི་འཐབ་རྩོད་ཅིག་ཡིན་ཤག་གིས་བློས་གཏོང་ཆེན་པོ་བྱེད་བཞིན་ཡོད་པ་དང། ང་ཚོ་བོད་མི་སྐྱབས་བཅོལ་བ་དེ་དག་ཀྱང་དཔལ་འབྱོར་གྱི་སྐྱབས་བཅོལ་བ་ཞིག་མ་ཡིན་པ་དང། དཔལ་འབྱོར་ཡོད་པས་ཚང་མ་འགྲིག་འགྲོ་བ་ཞིག་ཀྱང་ཡིན་མིན་མི་རེ་ངོ་རེ་བཞིན་བསམ་བློ་བཏང་ནས་དབྱེ་ཞིབ་བྱེད་དགོས་པ་ཞིག་རེད། བོད་ནང་དུ་ཡོད་པའི་བོད་རིགས་ཚོ་ལ་མཚོན་ན་དེང་སྐབས་དཔལ་འབྱོར་ཡར་རྒྱས་ཅུང་ཙམ་སོང་ཡོད་པ་དེ་ས་ཆ་མང་པོ་ཞིག་ལ་དབྱར་རྩྭ་དགུན་འབུ་ལ་བརྟེན་ནས་བྱུང་ཡོད་པ་དང། བོད་ནང་གི་ཡར་རྒྱས་འཛུགས་སྐྲུན་དུ་འབོད་པ་དེ་དག་རྒྱ་རིགས་ཀྱི་དཔོན་པོ་དང་ཕྱུག་བདག་ཚོར་དབང་བ་ལས་བོད་རིགས་ཚོའི་ངོས་ནས་བཤད་ན་ཤེལ་སྒོའི་ནང་གི་མོག་མོག་དང་གཅིག་པར་གྱུར་ཡོད།།