༧གོང་ས་མཆོག་སྐུ་མཚམས་ལ་བཞུགས་རྒྱུ་རེད་འདུག
ཐེངས་འདིར་༧གོང་ས་མཆོག་གིས་ཉིན་གྲངས་༢༠ ལྷག་གི་རིང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་ཁག་གྲུབ་རྗེས། ཟླ་འདིའི་ཕྱི་ཚེས་༢༩ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ཕེབས་ཏེ་ཉིན་གྲངས་༢༠ ལྷག་གི་རིང་སྐུ་མཚམས་ལ་བཞུགས་གཏན་ཁེལ་ཡོད་པ་རེད།
དེ་ཡང་ཐེངས་འདིར་༧གོང་ས་མཆོག་གིས་ཉིན་༢༠ ལྷག་གི་རིང་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གདན་ས་གསུམ་གྱི་དགེ་འདུན་པ་ཚོར་བསྙེན་རྫོགས་ཀྱི་སྡོམ་པ་སྒྲུབ་པ་དང་། ས་གནས་མང་ཚོགས་ལ་ཆོས་འབྲེལ་དང་ལམ་སྟོན་བཀའ་སློབ་གནང་བ་སོགས་ཀྱི་མཛད་འཕྲིན་གྲུབ་རྗེས། ཕྱི་ཚེས་༢༥ ཉིན་རྒྱ་གར་གྱི་གྲོང་ཁྱེར་བྷོམ་འབེ་ཉེ་འཁྲིས་སུ་ཡོད་པའི་པུ་ནའེ་རུ་ནང་པའི་དད་ལྡན་པ་ཁག་ཅིག་ལ་ཉིན་༢ ཀྱི་རིང་ནང་ཆོས་ངོ་སྤྲོད་དང་། དེ་བཞིན་ཁུལ་དེར་ཡོད་པའི་ཧིན་དྷུ་བླ་ཆེན་ཝ་སུ་ཝ་ནི་མཆོག་དགུང་གྲངས་༩༥ ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོར་ཆིབས་བསྒྱུར་གྱིས་མང་ཚོགས་ལ་ཆོས་འབྲེལ་གནང་བ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་སྐྱོང་རྒྱུ་ཡིན་འདུག
དེ་བཞིན་ཟླ་འདིའི་ཕྱི་ཚེས་༢༩ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་སུ་ཕེབས་ནས་ཞི་བའི་ཚལ་ཕོ་བྲང་དུ་ཉིན་གྲངས་༢༠ ལྷག་གི་རིང་སྐུ་མཚམས་སུ་བཞུགས་གཏན་ཁེལ་ཡོད་པ་རེད་འདུག་ལ། ཟླ་བ་རྗེས་མའི་ཚེས་༢༣ ཉིན་བཞུགས་སྒར་དྷ་སར་ཞབས་སོར་འཁོད་དེ། ཕྱི་ཚེས་༢༥ ནས་ཀོ་རི་ཡའི་ནང་པ་ཚོ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དད་ལྡན་པ་ཚོ་དང་ས་གནས་མང་ཚོགས་ལ་ཉིན་གྲངས་༣ གྱི་རིང་ཆོས་འབྲེལ་གནང་རྒྱུ་ཡིན་འདུག
ལོ་རྗེས་མའི་ཕྱི་ཟླ་༧ པའི་ནང་༧གོང་ས་མཆོག་གིས་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་དུས་འཁོར་དབང་ཆེན་ཐེངས་༣༣ པ་དེ་གསུང་གཏན་ཁེལ་ཡོད་པ་རེད།