༄། །ང་ཚོའི་གཤིས་ངན།
དེང་རབས་ལེགས་ཚུལ་བཤད་ན་བསྟན་དགྲ་ཟེར། །
རྙིང་སྲོལ་ལེགས་ཚུལ་བཤད་ན་རྨོངས་རྒན་ཟེར། །
ལྷ་ཆོས་ལེགས་ཚུལ་བཤད་ན་མགོ་མཁྲེགས་ཟེར། །
མི་ཆོས་ལེགས་ཚུལ་བཤད་ན་ཁྲེལ་མེད་ཟེར། །
བདེན་གཏམ་དམར་རྗེན་བཤད་ན་ཞབས་འདྲེན་ཟེར། །
མི་སྨྲ་ཁ་ཁར་འདུག་ན་བླུན་པོ་ཟེར། །
ལེགས་ཉེས་ཅུང་ཟད་གླེངས་ན་འཇོན་མདོག་ཟེར། །
མཐུན་འབྲེལ་ལས་སུ་བརྩོན་ན་སྤྲེལ་ལད་ཟེར། །
སྐྱོན་ལ་མཛུབ་བཙུགས་བྱས་ན་ཕྱོགས་ཞེན་ཟེར། །
གནས་ལུགས་བདེན་པ་བརྡར་ན་སྒེར་གཅོད་ཟེར། །
ཁུ་སིམ་བསྡད་ན་སྤྱི་སེམས་མི་འདུག་ཟེར། །
སྤྱི་དོན་སྒྲུབ་ན་རང་དོན་ཆེད་རེད་ཟེར། །
ཆོས་ཚོགས་བཙུགས་ན་ཆོས་ཚོང་ཆེད་རེད་ཟེར། །
ཚོང་ལས་བྱས་ན་ངན་སོང་རྒྱུ་རེད་ཟེར། །
གྲྭ་བཙུན་བྱས་ན་མི་རིགས་གནོད་གི་ཟེར། །
མི་སྐྱ་བྱས་ན་བུ་ཕྲུག་གསོད་གི་ཟེར། །
ཆོས་པའི་བཤད་ན་ཆོས་ལས་མི་དགོས་ཟེར། །
ཁྱིམ་པའི་བཤད་ན་ཁྱིམ་གཞི་གལ་ཆེ་ཟེར། །
ཆབ་སྲིད་པ་ཚོས་ཆོས་ཀྱི་ཕུང་རབ་ཟེར། །
ཆོས་པའི་ཆབ་སྲིད་པ་ཚོས་ཕུང་རབ་ཟེར། །
རྒན་པ་དག་གི་གཞོན་པའི་མི་འཇོན་ཟེར། །
གཞོན་པ་དག་གི་རྒན་པའི་ཕུང་རབ་ཟེར། །
སྐྱེས་པ་དག་གི་ཕོ་མཆོག་མོ་དམན་ཟེར། །
བུ་མེད་དག་གི་ལངས་གཅིན་བཏང་འདོད་ཟེར། །
གསར་འབྱོར་རྙིང་འབྱོར་རྩོད་པ་ཐོག་ལས་ཚ། །
ཆོལ་ཁ་ཆོས་ལུགས་ཕྱོགས་རིས་ཆུ་རྒྱུན་འདྲ། །
མགོ་ནག་བོད་པ་ཚང་གི་གཤིས་ངན་འདིར། །
ཞིབ་ཏུ་བསམ་ན་མིག་ཆུ་ཤོར་བྱེད་དངོས། །
སྙིང་སྟོབས་ཅན་ཚོ་གཅིག་བཞུད་གཉིས་བཞུད་རེད། །
ཁ་ཕོར་རང་དོན་སྒྲུབ་མཁས་མི་བུ་འགའ། །
ལ་རྒྱ་ཁ་ཡིས་མཛེས་རྒྱན་སྤྲས་བཞིན་དུ། །
མལ་ས་དྲོད་མོའི་ནང་དུ་སྐྱིད་ཉལ་རྒྱོབས། །
