མི་ཚེའི་ནང་གལ་ཆེ་ཤོས་དེ་བསམ་བློའི་རང་དབང་རེད།

2013_7_30

དྲང་བདེན་མེད་པའི་དེང་རབས་ཀྱི་སྤྱི་ཚོགས་འདིའི་ནང་མི་ཚེའི་འདུན་ལམ་འཚོལ་དུས། བདེན་པ་དང་། དྲང་པོ། འཚེ་བ་མེད་པའི་ཐོག་ནས་བཙལ་ཐུབ་ཀྱི་ཡོད་མེད་ཀྱི་དྲི་བ་དེ་རྟག་པར་ཡོང་གི་ཡོད་རེད་ཅེས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་ས་རཱ་མཐོ་སློབ་ཏུ་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༩ གྱི་ཞོགས་པའི་ཆུ་ཚོད་༡༠།༣༠ ཀྱི་སྟེང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་ཡོངས་ལ། མི་ཚེའི་འདུན་ལམ་དང་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཅིག་གནང་སོང་ལ། སྐབས་དེར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པས་ངོ་སྤྲོད་གནང་བ་ལྟར་ན། དེང་སང་སྤྱི་ཚོགས་ནང་མཚམས་རེར་སོ་སོས་སློབ་སྦྱོང་གང་བྱས་པ་དེས། སྤྱི་ཚོགས་དང་སྒེར་ལ་ཕན་ཐོགས་མེད་པའི་རིགས་ཡོང་གི་ཡོད་པར་བརྟེན། སློབ་ཕྲུག་ཚོར་བླངས་དོར་གྱི་གསུང་བཤད་དེ་གོ་སྒྲིག་གནང་བ་ཞིག་རེད་འདུག་ལ། ད་ལྟའི་ཆར་ས་རཱ་མཐོ་སློབ་ཏུ་འཛིན་གྲྭ་ཁག་མི་འདྲ་བ་༡༡ དང་། སློབ་ཕྲུག་གྲངས་༣༣༠ ཡོད་པ་རེད་འདུག

2013_7_30དེ་ནས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུང་བཤད་གནང་དོན། “ཆོས་ལ་དད་པ་བྱེད་མཁན་དང་མི་བྱེད་མཁན། དགག་པ་རྒྱག་མཁན་ཚང་མས་མི་ཚེའི་འདུན་ལམ་དེ་གལ་ཆེན་པོར་བརྩི་ཡི་ཡོད་རེད། མི་ཚེའི་འདུན་ལམ་གལ་ཆེན་པོ་མ་རེད་ཟེར་མཁན་ཧ་ལམ་མེད་པ་རེད། ད་ལྟ་འཇིག་རྟེན་འདིར་ཡོད་པའིོ་ཆབ་སྲིད་དང་སྤྱི་ཚོགས་ལ་བསམ་བློ་གཏོང་མཁན་ཚོ་ཡིན་ན་ཡང་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་དེ་ཚོ་ཡོད་མེད་ཤེས་ཀྱི་མེད་ན་ཡང་། ཚེ་འདིའི་མི་ཚེའི་འདུན་ལམ་དེ་ཚང་མས་གལ་ཆེན་པོར་བརྩི་ཡི་ཡོད་རེད། ཡིན་ན་ཡང་མི་ཚེ་ཟེར་བ་དེ་བྱ་ལོང་ཞེ་དྲག་ཡོད་པའི་ཚེ་ཞིག་མ་རེད།  མངོན་པ་ནས་བཤད་པ་ལྟར་གྱི་དུས་བརྩིས་པ་ཡིན་ན། དེང་སང་ཚེ་ལོ་བརྒྱ་པའི་སྐབས་རེད། དེ་ཡང་ཚེ་ལོ་བརྒྱ་པ་ནས་མར་འགྲིབ་སྟེ་ལོ་བརྒྱ་ལོན་མཁན་དཀོན་པོ་ཡིན་པའི་སྐབས་ཤིག་རེད། བོད་སྐད་ནང་མི་ཚེའི་འདུན་ལམ་ཟེར་བའི་ཚིག་དེ་འདྲ་ཆགས་པོ་ཞིག་ཡོད་རེད། ཡིན་ན་ཡང་དེ་ག་བར་འཇུག་གི་ཡོད་རེད་ཅེས་ཞིབ་ཚགས་པོར་དྲིས་པ་ཡིན་ན། གྲོད་ཁོག་གསོ་ཡ་རང་གི་སྐད་ཆ་འདྲ་བོ་ཞིག་སླེབས་ཡོང་གི་རེད་བ། མི་ཚེའི་ནང་ག་འདྲ་བྱས་ནས་དངུལ་མང་པོ་བཟོ་དགོས་ཀྱི་འདུག དེང་སང་ལ་ཆ་མཚོན་ན། ནུབ་ཕྱོགས་ལ་འགྲོ་སྟངས་ཀྱི་ཐབས་ཤེས་དེ་ཚོ་སློབ་རྒྱུ་བྱུང་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་ས་རེད་བ། ཁ་ཤས་ཀྱིས་གྲྭ་ཆས་གྱོན་ནས་ནུབ་ཕྱོགས་ལ་ཐར་ཐབས་བྱེད་ཀྱི་ཡོད་རེད། ཁ་ཤས་ཀྱིས་ཆབ་སྲིད་བཙོན་ཟུར་གྱི་རྣམ་པ་བསྟན་ནས་ཐར་ཐབས་བྱེད་ཀྱི་ཡོད་རེད། གང་ལྟར་བདེན་པ་དང་བདེན་པ་མ་ཡིན་པའི་ཐབས་ལམ་ག་འདྲ་ཞིག་ཡིན་ན་ཡང་བེད་སྤྱོད་གཏོང་བའི་གོ་སྐབས་ཤིག་ལ་སླེབས་ཡོད་རེད། མི་ཚེའི་འདུན་ལམ་དེ་འཚོ་བ་སྐྱེལ་བ་གཅིག་པུའི་དོན་དག་ཅིག་ཡིན་ན།  བོད་ཀྱི་གཏམ་དཔེར། ཁ་གཅིག་ལག་པ་གཉིས་ཀྱིས་གསོ་མ་ཐུབ་པ་ཡོད་མ་རེད་ཟེར་བའི་བཤད་སྟངས་ཤིག་ཡོད་རེད། བོད་ལ་སྐལ་བཟང་དུས་བཟང་གི་སྐབས་ཡིན་ན། ལྟོགས་ཤི་ཐེབས་མཁན་ཕལ་ཆེར་བྱུང་མྱོང་ཡོད་མ་རེད། དེར་བརྟེན་འདུན་ལམ་གྱི་སྐོར་ལ་བསམ་བློ་མ་བཏང་ན་ཡང་འགྲིག་གི་ཡོད་པ་འདྲ་བོ་རེད”་ཅེས་དང་།

ཡང་ཁོང་གིས་མི་ཚེ་ཟེར་བ་དེ་སྲོག་ཆགས་གཞན་གྱི་འཚོ་བ་སྐྱེལ་སྟངས་ལས་ཁྱད་དུ་འཕགས་པ་ཞིག་ཆགས་ཡོད་སྐོར་གསུངས་དོན། “་མི་ཚེ་ཟེར་དུས་མིའི་འགྲོ་བ་ལས་བྱུང་བའི་གང་ཟག་ཅིག་གི་མི་ཚེ་སྐྱེལ་སྟངས་བཤད་ཀྱི་ཡོད་པར་བརྟེན། ཕྱུགས་ལས་བྱེ་བྲག་འབྱེད་པ་ཞིག་ངེས་པར་དུ་དགོས་ཀྱི་ཡོད་རེད། བཀའ་གདམ་གོང་མ་ཚོས་ད་རེས་ང་ཚོ་ཕྱུགས་ལས་བྱེ་བྲག་འབྱེད་པའི་དུས་ཡིན་ཞེས་གསུངས་ཡོད་རེད། དུད་འགྲོ་ལས་ལྷག་ཅིག་ཡོང་དགོས་པའི་གནས་སྟངས་ཆགས་ཡོད་རེད། ཁ་ལག་ཟ་བ་དང་། སྡོད་ཁང་བཟོ་བ། ཕྲུ་གུ་གསོ་སྐྱོང་བྱ་བ། མཐའ་མར་ཤི་བ་དེ་ཚོ་སྲོིག་ལྡན་ཚང་མ་གཅིག་པ་རེད། དེ་དག་རྒྱས་སྤྲོས་ཡོད་མེད་ཙམ་གྱི་ཁྱད་པར་ལས་དུད་འགྲོས་བྱེད་མི་ཐུབ་པ་དེ་འདྲ་ཆགས་ཡོད་མ་རེད། ཡིན་ན་ཡང་དེང་སང་ཡོངས་གྲགས་ཀྱི་བཤད་སྟངས་དེ། ཁ་ལག་དང་། གོས། ཁང་པ་གསུམ་དེ་འཛོམས་པ་ཡིན་ན་མི་ཚེའི་འདུན་མ་འགྲུབ་པའི་བཟོ་འདྲ་བོ་ཞིག་ཆགས་ཀྱི་ཡོད་རེད། དེ་ཙམ་གྱིས་མི་ཚེའི་མངོན་འདོད་འགྲུབ་ཐུབ་ཀྱི་ཡོད་ན་དཀའ་ལས་རྒྱག་དགོས་པ་དང་། ཤེས་ཡོན་སློབ་དགོས་པའི་རྒྱུ་མཚན་མེད་པ་འདྲ་བོ་རེད། མི་ཡིན་པའི་རྒྱུ་མཚན་གྱིས་ཕྱུགས་ལས་བྱེ་བྲག་འབྱེད་པ་ཞིག་བྱེད་དགོས་ཀྱི་ཡོད་ན། ང་རང་ཚོ་མི་ཡིན་པ་ཙམ་གྱིས་མ་ཚད་མདོ་དང་བསྟན་བཅོས་ནས་བཤད་པའི་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་དལ་འབྱོར་ཉིས་ལྡན་གྱི་མི་ལུས་ཡིན་ཟེར་ནས་ང་རང་ཚོས་བཤད་ཀྱི་ཡོད་རེད། དེར་བརྟེན་དེ་དག་ཆུ་ཟོས་སུ་བཏང་ན་ཡ་མཚན་པོ་རེད”་ཅེས་གསུངས་ཏེ། ནང་པའི་མདོ་དང་བསྟན་བཅོས་ལས་བཤད་པའི་སྐྱེས་བུའི་མངོན་འདོད་བཞི་ལ་བརྟེན་ནས་མི་ཚེའི་འདུན་ལམ་བསྒྲུབ་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་སོང་།

2013_7_30_1ཡང་ཁོང་གིས་“ཆོས་དད་ཡོད་མེད་ལ་མ་ལྟོས་པར་སོ་སོའི་མི་ཚེའི་འདུན་ལམ་ལ་བསམ་གཞིགས་བྱེད་པའི་སྐབས་སུ། ཆོས་ནོར་འདོད་ཐར་བཞི་ཟེར་བ་དེ་བསྟན་བཅོས་ཀྱི་ཚིག་དང་། ཡང་ན་སྲོལ་རྒྱུན་གྱི་ཚིག་འདྲ་བོར་དགོངས་ཏེ་དེང་སང་དེ་དགོས་རྒྱུ་མི་འདུག་བསམ་ན་ཡང་། མི་ཚེ་ག་རེ་བྱས་ནས་སྐྱེལ་དགོས་ཀྱི་ཡོད་རེད། མི་ཚེ་སྐྱེལ་རྒྱུར་བསམ་བློ་གཏོང་དགོས་པའི་རྒྱུ་མཚན་གང་ནས་བྱུང་པ་རེད།  བསམ་བློ་མ་བཏང་བ་ཡིན་ན་རང་བཞིན་གྱིས་མི་ཚེ་འཁྱོལ་འགྲོ་ཡི་ཡོད་མེད་ཀྱི་དྲི་བ་མང་པོ་སླེབས་སྲིད་པ་ཞིག་རེད། རྟོག་དཔྱོད་བྱེད་མཁན་གྱི་གང་ཟག་ཅིག་ཡིན་ཕྱིན་ཆད། ཐག་ཆོད་ག་འདྲ་ཞིག་བྱས་ན་ཡང་དགོས་པ་དང་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཞིག་མ་གཏོགས། དགོས་པ་མེད་པར་བྱས་པ་ཡིན་ན་རྟོག་དཔྱོད་ལྡན་པའི་གང་ཟག་ཆགས་ཀྱི་ཡོད་མ་རེད། མི་ཚེ་སྐྱེལ་སྟངས་ལ་བསམ་བློ་གཏོང་དགོས་པ་དེ་མིའི་འགྲོ་བ་དེ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་རེད་མ་གཏོགས། བསེ་རུ་ལྟ་བུ་ཁེར་རྐྱང་དུ་འཚོ་ཐུབ་མཁན་གྱི་སྲོག་ཆགས་ཤིག་མ་རེད། དེར་བརྟེན་སྤྱི་ཚོགས་ནང་ལ་འཚོ་བའི་སྐབས་སུ་ག་འདྲ་བྱས་ནས་རང་ཉིད་འཚོ་ཐུབ་ཀྱི་ཡོད་མེད་དང་། ག་འདྲ་བྱས་ནས་རང་ཉིད་ཀྱི་མི་ཚེའི་འདུན་ལམ་འཚོལ་དགོས་ཀྱི་ཡོད་མེད་ཀྱི་དྲི་བ་དེ་ཡོང་གི་ཡོད་རེད།

དྲིོ་བ་དེ་སླེབས་ཡོང་དུས་སྤྱི་ཚོགས་ཀྱི་ལམ་སྲོལ་བཟང་པོ་ཞིག་གི་ཐོག་ནས་འཚོ་བ་སྐྱེལ་བའི་འདུན་ལམ་དེ་གལ་ཆེན་པོ་ཡོད་རེད་དམ། ཡང་ན་དབང་ཡོད་དང་བཙན་ཤུགས་རང་གི་ཐོིག་ནས་རང་ཉིད་འཚོ་བའི་ཐབས་ཤེས་བྱས་ན་བཟང་གི་རེད། དེང་རབས་ཀྱི་འཇིག་རྟེན་ལྟ་སྟངས་བྱས་པ་ཡིན་ན། གདོད་མའི་སྐྱེས་བུ་དེ་ཚོ་ཁྲིམས་མེད་ལུགས་མེད་དང་། ད་ལྟའི་གནས་སྐབས་སུ་སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་རྒྱས་ཕྱིན་པའི་དབང་གིས། མཉམ་འབྲེལ་དང་མཐུན་ལམ་གྱི་ཐོག་ནས་འགྲོ་ཡི་ཡོད་པའི་བསམ་ཚུལ་ཞིག་བཤད་ཀྱི་ཡོད་རེད། ངས་ཁོང་ཚོར་གདོད་མའི་དུས་སུ་དེ་འདྲ་ཡོད་མ་རེད། ད་ལྟའི་གནས་སྐབས་སུ་འཚོ་ཐུབ་མཁན་དེ་ཤུགས་ཆེ་ཤོས་ཏེ་ཆགས་རྒྱུ་ཡིན་པ་དང་། སུ་ལ་སྟོབས་ཤུགས་ཆེ་བ་ཡོད་ན་དེའི་ཁ་འོག་ལ་འགྲོ་རྒྱུ་ཡིོན་པའི་གནས་སྟངས་དེ་དེང་སང་ཆགས་ཡོད་རེད་ཅེས་བཤད་ཀྱི་ཡོད། དེར་བརྟེན་མི་ཚེ་འཇིག་རྟེན་འདིའི་ནང་འཚོ་དགོས་ཀྱི་ཡོད་པར་བརྟེན། མི་ཚེའི་འདུན་ལམ་ལ་བསམ་བློ་གཏོང་པའི་སྐབས་སུ་འཇིག་རྟེན་གྱི་གནས་བབ་དེ་ཤེས་དགོས་པ་ཞིག་རེད།  ད་ལྟའི་འཇིག་རྟེན་གྱི་གནས་བབ་དེའི་ནང་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེ་ཤོས་སུ་ཡིན་པ་དེ་ཡར་ཐོན་ཡོང་གི་ཡོད་རེད། གཞན་ཚང་མ་གཉའ་གནོན་དང་བཤུ་གཞོག་གི་འོག་ལ་འགྲོ་ཡི་ཡོད་རེད། སྤྱི་ཚོགས་ཚན་རིག་ནང་གཟུགས་པོ་སྟོབས་ཆེ་ཤོས་ཏེ་རྗེས་མ་ཡར་འཕག་ཡོང་གི་རེད་ཟེར་བའི་ཚིག་ཅིག་ཡོད་རེད། དེའི་གནས་སྟངས་དེ་ད་ལྟའི་འཇིག་རྟེན་འདིའི་སྤྱི་ཚོགས་ནང་བེད་སྤྱོད་བྱེད་བཞིན་ཡོད་རེད། ད་ལྟའི་འཇིག་རྟེན་འདིའི་ནང་དྲང་པོ་སུ་ཡིན་དང་བདེན་པ་སུ་ཡིན་ལྟ་མཁན་ཡོད་མ་རེད། དཔལ་འབྱོར་དང་ཆབ་སྲིད་ཀྱི་ནུས་པ་ཆེ་ཤོས་དེས་གཞན་པ་ཚང་མ་བཙན་དབང་གིས་ཐོག་ནས་འདུལ་གྱི་ཡོད་རེད། དེ་འདྲའི་དྲང་བདེན་མེད་པའི་དེང་རབས་ཀྱི་སྤྱི་ཚོགས་འདིའི་ནང་མི་ཚེའི་འདུན་ལམ་ཞིག་འཚོལ་དགོས་དུས། བདེན་པ་དང་། དྲང་པོ། འཚེ་བ་མེད་པའི་ཐོག་ནས་བཙལ་ཐུབ་ཀྱི་ཡོད་རེད་དམ་ཞེས་པའི་དྲི་བ་དེ་རྟག་པར་ཡོང་གི་ཡོད་རེད”་ཅེས་གསུངས་སོང་།

མཐར་ཁོང་གིས་མིའི་མི་ཚེའི་ནང་གལ་ཆེ་ཤོས་ཏེ་བསམ་བློའི་རང་དབང་ཡིན་སྐོར་གསུངས་ཏེ། ད་ལྟའི་སྤྱི་ཚོགས་འདིའི་ནང་ཆོས་དང་མཐུན་པའི་ཐོག་ནས་མི་ཚེ་སྐྱེལ་ཐབས་བྱེད་དགོས་རེད་དམ། ཡང་ན་སྐྱག་རྫུན་དང་། ཧམ་པ། འཚེ་བ་བྱས་ནས་མི་སྐྱེལ་ཐབས་བྱེད་དགོས་ཀྱི་ཡོད་མེད་དྲི་བ་ཞིག་ཆགས་ཀྱི་ཡོད་སྐོར་དང་། ནམ་རྒྱུན་སྤྱི་ཚོགས་ནང་འགྲོ་སྐབས་སྤྱི་མཐུན་གྱི་མངོན་འདོད་ཁ་ཤས་ཡོང་གི་ཡོད་པ་དང་། སྒེར་གྱི་མངོན་འདོད་དེ་ལས་མང་བ་ཡོང་གི་ཡོད་པ། འགལ་ཟླའི་མངོན་འདོད་མང་ཤོས་ཡོང་གི་ཡོད་པ་དེ་ཤེས་དགོས་པ་གལ་ཆེན་པོ་ཡིན་སྐོར། དེ་བཞིན་མི་ཚེའི་འདུན་ལམ་འཚོལ་སྐབས་རྨོངས་དད་དང་གཞན་ཟེར་གཡམ་རྒྱུགས་ལྟ་བུ་མ་ཡིན་པར་རྒྱུ་མཚན་གྱི་རྗེས་སུ་འབྲངས་ཏེ་བསམ་བློ་གཏོང་དགོས་སྐོར་སོགས་གསུངས་སོང་།

གསུང་བཤད་ཚར་རྗེས་སློབ་མ་ཚོའི་དྲི་བར་ལན་འདེབས་ཀྱང་གནང་སོང་ལ། དེ་རྗེས་ས་རཱ་མཐོ་སློབ་ཀྱི་དྲུང་ཆེ་པ་སངས་ཚེ་རིང་གིས་ཐུགས་རྗེ་ཆེ་ཞུས་གསུང་བཤད་གནང་སོང་།