ནག་ཆུ་རྫོང་ཤག་རོང་པོ་དགོན་པ་སྒོ་རྒྱག་དགོས་བྱུང་འདུག

shakrong2ཟླ་༧ ཚེས་༣༠ ཉིན་ནག་ཆུ་ཁུལ། ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་གི་ཆོས་ལུགས་བྱེད་སྒོ་སྤེལ་འཚམས་འཇོག་དགོས་བྱུང་ནས་དགོན་པ་ཡང་སྒོ་རྒྱབ་དགོས་བྱུང་ཡོད་པ་དང་། གྲྭ་བ་རྣམས་དགོན་པ་དང་ཁ་བྲལ་ནས་ད་ལྟ་དགོན་པ་སྟོང་པ་ཆགས་ཡོད་འདུག

འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁམས་ནག་ཆུ་ཁུལ། ནག་ཆུ་རྫོང་། ཤག་རོང་པོ་དགོན་ལ་གནས་ཚུལ་དེའི་བྱུང་རྐྱེན་ནི་ཕྱི་ལོ་༢༠༡༠ ཟླ་༥ ཚེས་༢༠ ཉིན་གྱི་དོན་རྐྱེན་ཞེས་པའི་མིང་འདོགས་འོག  དགོན་དེའི་དགོན་བདག་བླ་མ་༧རོང་པོ་ཆོས་རྗེའི་ཡང་སྲིད་སྐོར་ལ་༧གོང་ས་མཆོག་དང་འབྲེལ་བ་ཡོད་སྐོར་གྱི་ཉེས་འཛུགས་འོག བཀག་འགོག་བྱས་པ་དང་སྦྲགས་དགོན་དེའི་བླ་མ་ཟླ་བ་ཞེས་པ་དེའང་འཛིན་བཟུང་བྱས་ནས་ཆབ་སྲིད་ཀྱི་ཉེས་མིང་བཏགས་ནས་བཙོན་འོག་ཏུ་མི་ལོ་བདུན་གྱི་ཁྲིམས་ཐག་བཅད་འདུག

shakrong2

མ་ཚད་མ་འོངས་པ་ལ་བླ་མ་ཟླ་བ་དགོན་པ་འདིའི་བླ་མའི་ཁེ་དབང་མེད་ཟེར་ནས་ཚོགས་ཐོག་ཏུ་བརྗོད་པ་དང་།  དགོན་པ་དང་འབྲེལ་བ་བྱེད་མི་ཆོག་པའི་མ་ཟད། ནག་ཆུའི་ཐོད་སྒོ་ལ་ཕྱིན་ལ་འགྲོ་མི་ཆོག་པའི་བཙན་བཀའ་ཡང་བཏང་ཡོད་འདུག ཁོང་ད་ཆར་དགུང་ལོ་༧༨ ལ་ཕེབས་པའི་སྐུ་བགྲེས་པ་དང་། སྙུན་གཞི་ཧང་ཅང་ལྕི་བའི་སྟབས་ཀྱི་ལྷ་ས་སྨན་ཁང་ཞིག་ཏུ་སྨན་བཅོས་གནང་ནས་བཞུགས་ཡོད་ནའང་། ཉིན་མཚན་ངེས་མེད་དུ་ཉེན་རྟོག་པས་ཡང་ཡང་རྟོག་ཞིབ་བྱེད་བཞིན་ཡོད་འདུག  དེའི་སྐབས་གྲྭ་བ་རྣམས་༧གོང་ས་མཆོག་དང་རོང་པོ་ཆོས་རྗེ་བླ་མ་ཟླ་བ་བཅས་ལ་དགག་པ་རྒྱག་དགོས་ཞེས་ཡང་ཡང་སུན་ཙེར་བཟོས་པ་དང་།   རྒྱུ་མཚན་དེའི་རྐྱེན་པས་དགོན་དེའི་གྲྭ་དགེ་སློང་ངག་དབང་རྒྱ་མཚོ་ཞུ་བ་རང་ལོ་༧༥ ལ་སླེབས་པ་ཞིག་རང་ཤི་རྒྱག་དགོས་བྱུང་ཡོད་པ་རེད། དེ་དང་མཉམ་དུ་དགོན་པའི་དམངས་བདག་འགན་ཁུར་དང་དོ་དམ་འགན་ཁུར་བ་གཉིས་ལ་ཆབ་སྲིད་ཀྱི་ཉེས་འཛུགས་བྱས་ནས་ལོ་མང་བཙོན་འོག་ཏུ་བཅུག དེ་ལྟ་བུའི་གནས་ཚུལ་མ་བཟོད་ནས་གྲྭ་བ་མང་དག་ཅིག་དགོན་པ་དང་ཁ་བྲལ་དགོས་བྱུང་འདུག

གནས་ཚུལ་མཁོད་སྤྲོད་པས། “གནས་ཚུལ་དེ་དང་འབྲེལ་ནས་སྡེ་དགོན་གྱི་སེར་སྐྱ་ཕོ་མོ་ཡོངས་ལ་བློ་ཕམ་དང་དཀའ་སྡུག་གི་ཚུར་སྣང་ཞིག་སླེབས་ནས་སྐྱོ་གདུང་གི་སྨྲེ་ངག་དང་སྡུག་བསྔལ་གྱི་མིག་ཆུའི་ཁྲོད་ནས་བླ་གྲྭ་རྣམ་པ་གློད་གྲོལ་གཏོང་རོགས་ཟེར་ནས་སྲིད་གཞུང་ལ་ཉམ་ཆུང་གི་རེ་ཞུ་ཐེངས་མང་བྱས་ཀྱང་སྲིད་གཞུང་ལས་བྱེད་མི་སྣའི་དེ་ལ་དོ་ཁུར་མ་བྱས་ནས་སྣང་མེད་དུ་བཞག ཡིད་སྐྱོ་བ་ཞིག་ནི་དུས་དེ་ནས་བཟུང་ད་ལྟའི་བར་དུ་དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག  འཚོག་པ་ལ་དཀའ་ངལ་ཡོད་པ་མ་ཚད་རོང་པོའི་དགུ་གཏོར་ཞེས་སྐད་གྲགས་ཆེ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེ་ཡང་མཚམས་ཆད་ཡོད་”སྐོར་བརྗོད་སོང་།

༧གོང་ས་ལྔ་བ་ཆེན་པོའི་བཀའ་མངགས་ལྟར་གྲུབ་ཐོབ་བློ་བཟང་འཕྲིན་ལས་ཀྱིས་ཕྱག་བཏབ་པའི་ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཡི་ཡ་གྱལ་དགེ་ལུགས་པའི་ཆོས་སྡེ་ཆེན་པོ་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་དེ་ཉིད། ད་ལྟ་གོད་ཆག་དེ་ལྟར་བྱུང་བ་ནི་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་བློ་ཕམ་དང་གྱོང་གུད་མ་བཟོད་ནས། གནས་ཚུལ་དེ་གོང་རིམ་འབྲེལ་ཡོད་མི་སྣ་བཅའ་སྡོད་ལས་བྱེད་དག་ལ་སྡེ་དགོན་སེར་སྐྱ་ཡོངས་ཀྱིས་རེ་ཞུ་ཐེངས་མང་བྱས་ནས་ཡུན་རིང་རེ་སྒུག་བྱས་ཀྱང་དོན་འབྲས་གང་ཡང་མ་བྱུང་བས།   གྲྭ་བ་དང་དམངས་ཚོགས་ཚང་མ་འུ་ཐུག་ཐབས་ཟད་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བསྐྱར་དུ་བླ་མ་ཟླ་བ་དགོན་པ་དང་འབྲེལ་བ་ཆོག་པ་དང་། ཆབ་སྲིད་ཀྱི་ཉེས་མིང་གྱི་འོག་བཙོན་གྲོལ་ཐོབ་པའི་གྲྭ་བ་དག་དགོན་པར་སྒྲིག་ཞུགས་ཆོག་པའི་རེ་ཞུ་བྱས་ཀྱང་དོན་འབྲས་མ་སོན་པའི་ཁར་གནས་ཚུལ་འདི་བྱུང་འདུག

དགོན་དེ་དང་ཡུན་རིང་ཉེ་འཁོར་དུ་བསྡད་པའི་མི་མང་གིས་འདི་ལྟ་བུའི་ཡིད་སྐྱོ་བའི་གནས་ཚུལ་འདི་མཐོང་དུས་སྐྱོ་གདུང་གིས་མ་བཟད་ནས་།   རྒྱུན་དུ་དགོན་པར་བརྟག་དཔྱད་བྱེད་མཁན་བཅའ་སྡོད་ལས་བྱེད་འགའ་ཞིག་དང་ལྷན་ཁ་རྩོད་དང་ལག་འཛིང་ཡང་ཤོར་བའི་གནས་ཚུལ་ཡང་ཐོན་འདུག སྲིད་གཞུང་གིས་དེའི་ཐད་བརྗོད་གསལ་ལ་ཉིན་བདུན་ཚུན་ལ་ཐག་བཅོད་བྱེད་དགོས་ཞེས་པ་ལས་གནས་ཚུལ་ཅི་ཞིག་འབྱུང་མིན་དེ་བརྗོད་དཀའ་བ་ཞིག་རེད་འདུག། ད་ལྟ་ནི་དགོན་པ་སྒོ་བརྒྱབ་ནས་ཉིན་གཉིས་ལས་མ་སོང་བའི་་སྐབས་འདིར། དགོན་པའི་ཉེ་འཁོར་ཡོངས་རྫོགས་དམག་མིས་བསྐོར་ནས་ཡོད་པ་ལས། གཞན་པའི་གནས་ཚུལ་གང་ཡང་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་འདུག  །

སྔོན་གྱི་གནས་ཚུལ།   http://www.tibetexpress.net/bo/home/2010-02-04-05-37-19/3691-2010-07-22-12-55-56