ནང་པ་དང་ཁ་ཆེའི་བར་འཁྲུག་འཛིང་།
ཕྱི་ཚེས་༡༠ ཉིན་sri langka སི་རི་ལང་ཀའི་རྒྱལ་ས་colombo ཀོ་ལོམ་པོར་ཡོད་པའི་ཁ་ཆེའི་ལྷ་ཁང་ཞིག་ལ་ནང་པ་ཁག་ཅིག་གིས་ཕར་རྒོལ་བྱས་པར་བརྟེན། ཁ་ཆེ་དང་ནང་པའི་བར་འཁྲུག་འཛིང་བྱུང་སྟེ་མ་འཐའ་ཡང་མི་༥ ལ་རྨས་སྐྱོན་དང་ཁང་པ་མང་པོ་ཞིག་ལ་གནོད་སྐྱོན་བཟོས་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་མཚན་མོར་sri langka སི་རི་ལང་ཀའི་རྒྱལ་ས་colombo ཀོ་ལོམ་པོར་ཡོད་པའི་ཁ་ཆེའི་ལྷ་ཁང་ཞིག་ལ། ཁུལ་དེའི་ནང་པ་ཁག་ཅིག་གིས་ཕར་རྒོལ་བྱས་པར་བརྟེན་ཁ་ཆེ་དང་ནང་པའི་བར་འཁྲུག་འཛིང་གི་དོན་རྐྱེན་བྱུང་ཡོད་འདུག་པ་དང་། དོན་རྐྱེན་དེའི་ཁྲོད་མ་མཐའ་ཡང་མི་༥ ལ་རྨས་སྐྱོན་ཕོག་ཡོད་འདུག་པ་ལས་མི་གཉིས་དེ་ཁ་ཆེའི་ལྷ་ཁང་སྲུང་མཁན་གྱི་དམག་མི་ཡིན་འདུག་ལ། དེ་བཞིན་ལྷ་ཁང་དེའི་ཉེ་འཁོར་དུ་ཡོད་པའི་ཁ་ཆེའི་ཁང་པ་མང་པོ་ཞིག་ལ་ཡང་གནོད་སྐྱོན་ཕོག་ཡོད་པ་རེད་འདུག
དེ་ཡང་ཁུལ་དེའི་ནང་པ་ཚོས་ཐེངས་འདིར་ཁ་ཆེའི་ལྷ་ཁང་དེར་ཕར་རྒོལ་བྱས་དགོས་དོན་ནི། ཁུལ་དེར་ཡོད་པའི་ཁ་ཆེའི་ལྷ་ཁང་དེ་ས་གནས་གཞན་ཞིག་ལ་གནས་སྤོ་ཡོང་ཆེད། ནང་པ་ཚོས་ངོ་རྒོལ་མུ་མཐུད་དུ་བྱས་ཡོད་ན་ཡང་ད་ལྟའི་བར་གྲུབ་འབྲས་གང་ཡང་ཐོན་མེད་པ་དང་། དེ་བཞིན་ཁ་ཆེ་བ་ཚོས་ནང་པ་ཚོ་ཁ་ཆེ་བར་བསྒྱུར་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པས་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད།
sri langka སི་རི་ལང་ཀའི་གཞུང་གིས་ཉེན་རྟོག་པ་བརྒྱ་ཕྲག་མང་པོ་འགྲེམས་འཇོག་གིས་ཐེངས་འདིའི་ཟིང་འཁྲུག་ཞི་འཇགས་སུ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་གོང་གི་དོན་རྐྱེན་དེའི་ཐད་sri langka སི་རི་ལང་ཀའི་གཞུང་གིས་གནས་ཚུལ་གང་ཡང་སྤེལ་མེད་ན་ཡང་། sri langka སི་རི་ལང་ཀའི་རྒྱལ་སར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་ཆོས་བྱེད་སའི་ལྟེ་གནས་ཁག་ལ་གཏོར་སྐྱོན་གཏོང་མི་ཆོག་པ་དང་། ཕྱོགས་གཉིས་ཀས་བསམ་ཤེས་ཀྱིས་ཟིང་འཁྲུག་ཞི་འཇགས་སུ་གཏོིང་དགོས་སྐོེར་གྱི་འབོད་སྐུལ་གནང་ཡོད་པ་རེད་འདུག
སི་རི་ལང་ཀར་མི་གྲངས་ས་ཡ་༢༠ ཡོད་པའི་ནང་ནས་བརྒྱ་ཆ་༧༠ ནང་པ་དང་། བརྒྱ་ཆ་༡༣ ཧིན་དྷུ། བརྒྱ་ཆ་༡༠ ཁ་ཆེ་བ་ཡིན་པ་རེད་འདུག་ལ། དེ་བཞིན་ཡེ་ཤུ་ཆོས་ལུགས་ལ་དད་པ་བྱེད་མཁན་ཡང་མང་པོ་ཡོད་པ་རེད་འདུག