ཡུས་ཀྲིན་ཧྲིན་གྱིས་བསྐྱར་དུ་བོད་དོན་སྐོར་གཏམ་བཤད་སྤེལ་བ།
རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་རྒྱུན་ལས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་འཛིན་ཡུས་ཀྲིན་ཧྲིན་གྱིས་ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་ས་དང་ནག་ཆུ་ས་ཁུལ་སོགས་སུ་ལྟ་སྐོར་བྱས་ཡོད་པ་དང་། ཁོང་གིས་“བཙན་བྱོལ་བོད་མའི་ཆོས་ལུགས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་གིས་བཏོན་པའི་བོད་ཁུལ་གྱི་ཆེས་མཐོའི་རང་སྐྱོང་ནི་རྒྱ་ནག་གི་རྩ་ཁྲིམས་དང་རྒྱབ་འགལ་རེད་ཅེས་བརྗོད་འདུག
དེའང་ཕྱི་ཟླ་༨ པའི་ཚེས་༡ ནས་༦ བར། ཡུས་ཀྲིན་ཧྲིན་བོད་ཀྱི་རྒྱལ་ས་ལྷ་ས་དང་ནག་ཆུ་ས་ཁུལ་སོགས་ཀྱི་རོང་འབྲོག་ཁུལ་དང་སློབ་གྲྭ། དེ་བཞིན་དགོན་སྡེ་སོགས་ཀྱི་ནང་དུ་ལྟ་སྐོར་དུ་སོང་ཡོད་པ་མ་ཟད། ས་གནས་ཀྱི་མང་ཚོགས་དང་ལས་བྱེད་པ་རྣམས་དང་མཉམ་དུ་ཚོགས་འདུ་ཐེངས་མང་བསྡུས་ཏེ། ཚོགས་ཐོག་ཏུ་ཁོང་གིས་“ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་བཏོན་པའི་“བོད་ཆེན་པོ་” དང་“ཆེས་མཐོའི་རང་སྐྱོང་”ནི་རྒྱ་ནག་གི་རྩ་ཁྲིམས་དང་ཡོངས་སུ་རྒྱབ་འགལ་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་རྩ་བའི་ཁེ་ཕན་དང་ཡང་རྒྱབ་འགལ་རེད་ཅེས་བརྗོད་འདུག
ཡུས་ཀྲིན་ཧྲིན་གྱིས་“བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣས་ངེས་པར་དུ་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་གྱི་རང་བཞིན་ངོ་མ་དེ་ངོས་འཛིན་གསལ་པོ་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་དང་བོད་ཀྱི་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོས། ཁོང་གིས་མུ་མཐུད་དུ་བརྗོད་དོན། “སྤྱི་ཚོགས་ཡར་རྒྱས་ནི་སྔར་བཞིན་བོད་བརྒྱུད་ནང་བསྟན་གོང་སྤེལ་གྱི་རྩ་བ་ཡིན་པ་དང་། མི་མང་གི་འཚོ་བ་འགན་སྲུང་དང་ལེགས་བཅོས་ནི་སྔར་བཞིན་རྒྱ་ནག་གིས་བོད་སྐྱོབ་སྲིད་ཇུས་ཀྱི་ལས་འགན་དང་པོ་དེ་རེད་ཅེས་”བརྗོད།
ཡུས་ཀྲིན་ཧྲིན་གྱི་ཐེངས་འདིའི་སྐད་ཆ་དེ་ནི་ཟླ་གཅིག་མ་ཟིན་ཙམ་གྱི་ནང་གི་བོད་ཀྱི་སྲིད་ཇུས་ཐད་ཀྱི་གཏམ་བཤད་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་། ཕྱི་ཟླ་༧ པའི་འགོ་སྟོད་དུ་ཡུས་ཀྲིན་ཧྲིན་ཀན་སུའུ་ཞིང་ཆེན་ཁོངས་གཏོགས་ཀྱི་བོད་ཀྱི་ས་ཁུལ་དུ་ལྟ་སྐོར་བྱས་སྐབས་ཀྱང་དེ་དང་འདྲ་མཚུངས་ཀྱི་༧ གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཀྱི་གཏམ་བཤད་སྤེལ་ཡོད་ཅིང་། དེའི་སྐབས་ཁོང་གིས་“ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་དང་རྒྱ་ནག་གི་ད་ལྟའི་མི་རིགས་ས་གནས་རང་སྐྱོང་ལམ་ལུགས་གཉིས་ཡོངས་སུ་འགལ་བ་རེད་ཅེས་བརྗོད་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱས་པ་ལྟར་ན། རྒྱ་ནག་དབུས་གཞུང་གི་མི་རིགས་དང་ཆོས་ལུགས་ལས་དོན་གྱི་འགོ་འཛིན་ཡིན་པའི་ཡུས་ཀྲིན་ཧྲིན་གྱི་རྣམ་འགྱུར་དེ་ནི་ད་ལྟའི་རྒྱ་ནག་དབང་འཛིན་པས་བོད་ཀྱི་སྲིད་ཇུས་ཐད་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་ཡིན་པ་རེད།
རོ་ཌར་གསར་ཁང་གིས་དེའི་སྐོར་སྤེལ་བའི་གནས་ཚུལ་གྱི་ནང་དུ་དབྱེ་ཞིབ་བྱས་པ་ལྟར་ན། ཡུས་ཀྲིན་ཧྲིན་གྱིས་ཉེ་ཆར་སྤེལ་བའི་གཏམ་བཤད་དེས་ཧ་ཅང་ཁ་གསལ་གྱི་སྒོ་ནས། རྒྱ་ནག་གི་དཔོན་རིགས་གསར་པ་རྣམས་ཀྱིས་མ་འོངས་པའི་ལོ་བཅུའི་རིང་གི་ལས་ཁུར་ནང་ཏཱ་ལའི་བླ་མ་མཆོག་གི་ཆེས་མཐོའི་རང་སྲིད་རང་སྐྱོང་ལ་ཁས་ལེན་མི་བྱེད་པ་མཚོན་ཡོད་པ་རེད་ཅེས་བཀོད་འདུག
རེས་གཟའ་ལྷག་པའི་ཉིན་བརྒྱུད་ལམ་དུ་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་ཡུས་ཀྲིན་ཧྲིན་གྱི་གཏམ་དེའི་སྐོར་དྲིས་པར། དེ་ཡང་ཁོང་གིས། “ རྒྱ་ནག་དམར་པོའི་གཞུང་གིས་མི་མང་གི་འཚོ་བ་ལེགས་བཅོས་སྐོར་བཤད་བཞིན་ཡོད་ཀྱང་། བོད་ཀྱི་གནད་དོན་ཐག་གཅོད་དང་ཏཱ་ལའི་བླ་མ་མཆོག་ལ་བརྩི་བཀུར་མ་བྱེད་ན། བོད་མི་མང་གི་སེམས་པ་བཀུག་ཐུབ་ཀྱི་མ་རེད་”ཅེས་བརྗོད་འདུག
སྐལ་བཟང་རྒྱལ་མཚན་གྱིས་བརྗོད་དོན།་“ རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གསར་པས་ལས་ཁུར་བྱས་པའི་རྗེས། པེ་ཅིང་ཕྱོགས་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་མངོན་ཡོད་ཀྱང་། ད་ལྟའི་ཆར་དེ་ལྟ་བུའི་སྣང་ཚུལ་དེ་ཆུང་ནས་ཆུང་དུ་འགྲོ་བཞིན་པ་མ་ཟད། དེ་ལས་ཟློག་ཏེ་ཡུས་ཀྲིན་ཧྲིན་གྱིས་མཁྲེགས་འཛིན་སྐད་ཆ་དེ་ནི། ཉེན་ཁ་ཆེ་བའི་སྲིད་ཇུས་ཤིག་གི་ཁ་ཕྱོགས་རེད།”
ཁོང་གིས་མུ་མཐུད་དུ་བརྗོད་དོན། རྒྱ་ནག་སྲིད་གཞུང་གིས་བོད་ལ་མ་རྩ་ག་ཚོད་མང་པོ་བཏང་ཡང་། བོད་མི་མང་གི་སེམས་གཏིང་གི་རྒྱབ་སྐྱོར་རག་ཐབས་མེད་པ་དང་། གལ་ཏེ་རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་སྲིད་ཇུས་ཅུང་ལྷོད་ཡངས་སུ་བཏང་ཏེ།༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་ཀྱི་ཆོས་ལུགས་དང་སྐད་ཡིག རིག་གནས་སོགས་ལ་བཟང་ཕྱོགས་ཀྱི་ལྟ་སྟངས་འཛིན་པ་ཡིན་ན། བོད་མི་རྣམས་ཀྱིས་དྲིན་དུ་ཚོར་སྲིད་པ་དང་། བོད་ཀྱི་གནས་སྟངས་ཀྱང་ཞི་འཇམ་དང་བརྟན་ལྷིང་ཡོང་གི་རེད།”