གྲྭ་བ་བཞི་གློད་གྲོལ།
རྒྱ་གཞུང་གིས་ལོ་གཅིག་ལྷག་གི་རིང་བཙོན་འཇུག་བྱས་པའི་ཁམས་ཉ་མཚོ་ཟིལ་དཀར་དགོན་གྱི་དགེ་འདུན་པ་བསྟན་འཛིན་ཤེས་རབ་དང་། བློ་བཟང་ཉི་མ། བློ་བཟང་བསམ་གཏན། བསོད་ནམས་དགེ་བ་བཅས་ཟླ་བ་སྔོན་མའི་ནང་གློད་གྲོལ་བཏང་ཡོད་པ་རེད་འདུག
དེ་ཡང་འབྲེལ་ཡོད་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་༢༠༡༢ ལོའི་ཟླ་བ་༢ པའི་ནང་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་ཁམས་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་བསྟན་འཛིན་ཤེས་རབ་དང་། བློ་བཟང་ཉི་མ། བློ་བཟང་བསམ་གཏན། བསོད་ནམས་དགེ་བ་བཅས་ལོ་འདིའི་ཕྱི་ཟླ་༧ པའི་ནང་རིམ་བཞིན་གློད་གྲོལ་བཏང་ཡོད་འདུག་པ་ལས། ཕྱི་ཟླ་༧ ཚེས་༡༥ཉིན་བསྟན་འཛིན་ཤེས་རབ་བཙོན་གྲོལ་དང་། ཕྱི་ཟླ་༧་ཚེས་༡༨ ཉིན་བློ་བཟང་ཉི་མ་བཙོན་གྲོལ། དེ་བཞིན་ཕྱི་ཟླ་༧ ཚེས་༢༥ ཉིན་བསོད་ནམས་དགེ་བ་བཙོན་གྲོལ་དང་། ཕྱི་ཟླ་༧ ཚེས་༢༣ ཉིན་བློ་བཟང་བསམ་གཏན་གློད་གྲོལ་བཏང་ཡོད་པ་རེད། རྩ་བས་རྒྱ་གཞུང་གིས་ཁོང་ཚོ་བཙོན་འཇུག་གི་དུས་ཡུན་མ་ཚང་བའི་སྔོན་ནས་གློད་གྲོལ་བཏང་ཡོད་པ་རེད་འདུག
དེ་ཡང་ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་༢ ཚེས་༨ ཉིན་ཟིལ་དཀར་དགོན་གྱི་དགེ་འདུན་པ་དང་ཉེ་འཁོར་གྱི་མི་མང་༡༤༠༠ ཙམ་གྱིས་༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། པཎ་ཆེན་རིན་པོ་ཆེས་གཙོས་པའི་ཉེས་མེད་བཙོན་པ་རྣམས་བཙོན་གྲོལ་བཏང་དགོས། བོད་མིའི་སྐྱིད་སྡུག་མཉམ་མྱོང་ཡིན། བོད་མིའི་ཚེ་སྲོག་ལ་བརྩི་བཀུར་དགོས། བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་དགོས་ཞེས་རས་གཞི་དཀར་པོའི་སྟེང་དུ་ཡི་གེ་སྔོ་དམར་གཉིས་ཀྱིས་བྲིས་ཏེ། འཕྲེད་དར་འཕྱར་བཞིན་སྐད་འབོད་གནང་སྐབས་ཀྱི་ལས་འགུལ་བ་གཙོ་བོ་ཡིན་པའི་ཉེས་མིང་འོག བསོད་ནམས་དགེ་བ་ལ་ལོ་༢ དང་ཟླ་༢ ཀྱི་ཁྲིམས་ཆད་དང་། བློ་བཟང་ཉི་མ་དང་བློ་བཟང་བསམ་གཏན་གཉིས་ལ་ལོ་༡ དང་ཟླ་༢ རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
དེ་བཞིན་ཕྱི་ལོ་༢༠༡༢ ཟླ་༡༠ ཚེས་༡ ཉིན་བསྟན་འཛིན་ཤེས་རབ་ལ་ཁོང་གིས་དམར་རྗེན་ཞེས་པའི་ཚགས་ཤོག་ཅིག་འགྲིམ་སྤེལ་བྱས་ཡོད་པ་དེ། རང་ལུས་མེ་སྲེག་སོགས་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་གཅིག་གི་ཁྲིམས་ཐག་བཅད་ཡོད་པ་རེད།