བོད་ཀྱི་མཐོ་རིམ་སློབ་མའི་འོས་འགན་སྐོར་ལ་གསུང་བཤད།
ཕྱི་ཟླ་༨ ཚེས་༡༨ ཉིན་རྒྱ་གར་ལྷོ་ཕྱོགས་བྷེན་ལོར་བོད་ཁྱིམ་འགན་འཛིན་རྒན་དོན་གྲུབ་
དེ་ཡང་ཁོང་གིས་གསུང་བཤད་སྐབས། ད་ཐེངས་བོད་ཁྱིམ་འགན་འཛིན་གྱི་སྙན་ཞུའི་ནང་དུ་མཐོ་རིམ་སློབ་མའི་འོས་འགན་ཞེས་གསལ་ཡོད་པ་དེར་ཐུགས་ཚོར་ཆེན་པོ་བྱུང་ཡོད་པ་དང་། དེ་ཡང་ཁོང་གིས་དེང་དུས་ཀྱི་སྤྱི་ཚོགས་ཁྲོད་དུ་ཐོབ་ཐང་རྩོད་པ་ལས་འོས་འགན་སྐོར་བཤད་མཁན་ཆེས་ཉུང་ཉུང་ཡིན་པས། ཐེངས་འདིར་བོད་ཁྱིམ་འགན་འཛིན་གྱི་སྙན་ཞུའི་ནང་འོས་འགན་སྐོར་གསུང་རོགས་ཞེས་གསལ་པ་དེ་ནི་ཡ་རབས་བཟང་སྤྱོད་དང་མཐུན་པ་ཞིག་ཡིན་པ་མ་ཟད། ཐུགས་བློར་བབས་པ་ཞིག་ཡིན་པས་ཁོང་ཐེངས་འདིར་བོད་ཁྱིམ་མཐོ་སློབ་སྡོད་གནས་སུ་ཕེབས་པ་ཡིན་སྐོར་གསུངས་སོང་།
ཉིན་དེར་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་ཕེབས་སྐབས། བྷེན་ལོར་བོད་ཁྱིམ་མཐོ་རིམ་སློབ་མ་གནས་སྡོད་ཁང་གི་ཚོགས་ཁང་ཡང་ནམ་རྒྱུན་དང་མི་འདྲ་པར། ས་གནས་སློབ་མ་དང་བོད་མིའི་ཚོང་གཉེར་བ། བྷེན་ལོར་གྲོང་ཁྱེར་ཏུ་རྒྱ་གར་བཟོ་གྲྭ་དང་ཚོང་ལས་སྡེ་ཚན་སོགས་སུ་ལས་ཀ་བྱེད་བཞིན་ཡོད་པའི་བོད་པ་ལས་བྱེད་པ་དང་། ད་དུང་སྐབས་དེར་བྷེན་ལོར་ཏུ་བཞུགས་པའི་དགེ་འདུན་པ་སོགས་ཀྱིས་ཁེངས་ཡོད་པ་དང་། ཁོང་གིས་བཙན་བྱོལ་བོད་མིའི་སློབ་མ་དེ་ཚོའི་འོས་འགན་ཆེ་ཤོས་ནི་རང་དབང་ཅན་གྱི་བསམ་བློའི་སྒང་རང་གིས་རྟགས་དཔྱད་བྱས་ནས་རང་ཐག་རང་གཅོད་ཀྱིས་ཕུགས་འདུན་སྒྲུབ་དགོས་པ་དེ་ཡིན་ཡིན་སྐོར་གསུངས་པ་དང་། འོས་འགན་དེ་ཉིད་རྒྱན་ཆའི་འདུ་ཤེས་བཟུང་ནས་ཁུར་ན་བརྩོན་འགྲུས་མ་གཏོགས་ཨུ་ཚུགས་དགོས་ཀྱི་མེད་སྐོར། རང་དབང་ངང་རྒྱུ་མཚན་ལྡན་པའི་བསམ་བློ་གཏོང་པ་ནི་ཤེས་བྱ་ཀུན་གྱི་ལྡེ་མིག་ལྟ་བུ་ཡིན་ལུགས་དང་། ང་ཚོ་དལ་འབྱོར་ཚང་ཞིང་ལེགས་ཉེས་བླང་དོར་འབྱེད་ཤེས་བའི་མི་ཞིག་ཡིན་པའི་ཆ་ནས། དེ་དང་མཐུན་པའི་འཚོ་བ་ཞིག་སྐྱེལ་དགོས་པ་ལས། དེ་མིན་གང་བྱུང་གིས་ཉིན་རེའི་ལྟོ་གོས་སྡོད་གནས་ཙམ་དུ་མི་ཚེ་སྐྱེལ་བ་ནི་དུད་འགྲོ་ཁྱི་དང་གཅིག་པ་ཡིན་པས་ངེས་པར་ཏུ་མི་ལུས་རིན་ཆེན་གྱི་རིན་ཐང་དང་། དོན་སྙིང་རྟོགས་པའི་ངང་མི་ཚེ་བསྐྱལ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།
ཡང་སློབ་མ་པདྨས་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རང་བཙན་དང་དབུ་མའི་ལམ་གྱི་རྩོད་རྙོག་སྐོར་དགོངས་ཚུལ་ཇི་ལྟར་ཡོད་མེད་སྐོར་བཀའ་དྲི་ཞུས་བའི་ལན་དུ། ཁོང་གིས་དེ་ནི་སོ་སོའི་རྣམ་དཔྱོད་བེད་སྤྱོད་བཏང་ནས་གཙོ་བོར་གཞི་ལམ་འབྲས་གསུམ་གྱིས་སྒོ་ནས་སོ་སོའི་ངེས་ཤེས་རྙེད་ཐུབ་པ་ཞིག་བྱེད་དགོས་པ་ལས། བླུན་པོ་ཆུ་སྣ་གར་ཁྲིད་ཀྱིས་ཚུལ་དུ་མི་ཚོས་གང་བཤད་ཀྱི་རྗེས་སུ་ཧོར་རྒྱུགས་བྱེད་པ་ནི་མི་རུང་པ་ཡིན་ལུགས་དང་། ང་ཚོ་ནམ་ཡང་དོན་དངོས་དང་རྒྱུ་མཚན་ཕྱོགས་སུ་འབྲངས་དགོས་པ་ལས། གནས་སྐབས་ཀྱི་ཚོར་བའི་རྐྱེན་པས་ཐག་གཅོད་བྱེད་མི་རུང་ཞེས་དཔེ་དང་སྦྱར་ནས་གསུང་བཤད་གནང་བ་མ་ཟད། ང་ཚོ་མང་གཙོ་དང་རང་དབང་གི་ལམ་ནས་སོ་སོའི་ལམ་ཕྱོགས་སུ་འགྲོ་ན་འགྲིག་མོད། ལམ་ཕྱོགས་ག་རེ་ཡིན་ནའང་། གཙོ་བོར་ཁ་གཏད་ཕྱོགས་ས་ནི་རྒྱ་ནག་སྲིད་གཞུང་ཡིན་དགོས་པ་ལས་ནང་ཁུལ་ཡིན་མི་རུང་པ་དང་། གལ་སྲིད་དེ་ལྟར་བྱུང་ཚེ་སོ་སོའི་སྒྲིག་འཛུགས་དང་དཔུང་སྡེ་ཁ་ཐོར་ཏུ་འགྲོ་རྐྱེན་ཡིན་ལུགས་སོགས་གསུངས་སོང་།
ཁོང་གིས་ཁོང་དང་དེང་དུས་ན་གཞོན་གྱི་དབར་མི་རབས་གཉིས་ཀྱི་ཁྱད་པ་ཡོད་པས་ན། ཁོང་གིས་དེང་རབས་ན་གཞོན་ཚོའི་སེམས་ཁམས་དང་མཐུན་པའི་བཀའ་མོལ་གནང་རྒྱུ་དཀའ་ལུགས་སོགས་གསུངས་ནའང་། ད་ཐེངས་ཁོང་གིས་བཀའ་སློབ་དེ་དག་ནི་དེང་རབས་དང་ཡོངས་སུ་མཚུངས་ཤིང་། དེང་རབས་ན་གཞོན་ཚོའི་བློ་ཡུལ་དུ་ཤོང་སླ་བའི་དོན་ལྡན་བདུད་རྩི་འབའ་ཞིག་ཡིན་ལགས་ན། སློབ་མ་ཚོ་ཤིན་ཏུ་དགའ་བོ་བྱུང་འདུག །
གནས་ཚུལ་མཁོ་གཏོང་བ་བློ་བཟང་གྲགས་པ།