སི་ཁྲོན་བོད་ཁུལ་ཟེར་བའི་ནང་གི་བོད་མི་ཕྱི་རྒྱལ་དུ་ལྗོངས་རྒྱུར་འགྲོ་རྒྱུ་བཀག་སྡོམ།

ཟླ་འདིའི་ཕྱི་ཚེས་༢༠ ནས་ཕྱི་ཟླ་༧ པའི་ཚེས་༡༥ བར། སི་ཁྲོན་བོད་ཁུལ་ཟེར་བའི་དཀར་མཛེས་ཁུལ་དང་རྔ་བ་ཁུལ་དུ་གནས་སྡོད་ཀྱི་རྒྱ་རིགས་ཚུད་པའི་ཁྲན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་བོད་མི་སུ་ཞིག་ཡིན་ནའང་། ཕྱི་རྒྱལ་དང་ཧོང་ཀོང་། མའེ་ཁོ་གང་དུའང་ཡུལ་སྐོར་ལྗོངས་རྒྱུ་ལ་འགྲོ་ཆོག་གི་མེད་པ་རེད།

ཟླ་འདིའི་ཕྱི་ཚེས་༢༢ ཉིན་པའོ་ཞུའུ་དྲ་བའི་གསར་འགོད་པས་རྒྱ་ནག་རྒྱལ་སྤྱིའི་ལྗོངས་རྒྱུ་ལས་ཁུངས་ལ་ཡུལ་སྐོར་བའི་མིང་ཐོག་ནས་ཁ་པར་བརྒྱུད། རྔ་བ་ས་ཁུལ་གྱི་མི་ཞིག་ཡིན་སྐོར་བརྗོད་དེ་འདི་ལོའི་ཕྱི་ཟླ་༦ པའི་ནང་ཕྱི་རྒྱལ་དུ་ལྗོངས་རྒྱུ་ལ་འགྲོ་འདོད་ཡོད་སྐོར་བརྗོད་སྐབས། ཁ་པར་ལེན་མཁན་གྱི་མི་ཞིག་གིས། “ད་ལྟ་བརྡ་ཐོ་འབྱོར་བའི་ནང་། རྔ་བ་ས་ཁུལ་གྱི་མི་རྣམས་འདི་ལོའི་ཕྱི་ཟླ་༧ པའི་ཚེས་༡༥ སྔོན་ཚུད་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་ཆོག་གི་མེད། གལ་ཏེ་ཕྱི་རྒྱལ་དུ་འགྲོ་དགོས་ན། ཕྱི་ཟླ་༨ པའི་ནང་འགྲོ་ན་ཡག་ཤོས་རེད་ཅེས་ལན་འདེབས་བྱས་ཡོད་པ་རེད།

གཤམ་དུ་རྒྱ་གཞུང་གིས་སྤེལ་བའི་སི་ཁྲོན་བོད་ཁུལ་ཟེར་བའི་ནང་ཁུལ་གྱི་བོད་མི་(རྒྱ་རིགས་ཀྱང་ཚུད) རྣམས་དུས་བཀག་(ཕྱི་ཟླ་༥ པའི་ཚེས་༢༠ ནས་ཕྱི་ཟླ་༧ པའི་ཚེས་༡༥) ནང་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་མི་ཆོག་པའི་བརྡ་ཐོ་ཇི་བཞིན་བཀོད་རྒྱུ་ཡིན།

ཛ་དྲག་བརྡ་ཐོ།

ཉིན་འདི་ནས་བཟུང་ཕྱི་ཟླ་༧ པའི་ཚེས་༡༥ ཉིན་བར་ཕྱིར་བསྐྱོད་བརྒྱུད་ལམ་ཆ་ཚང་གིས་དཀར་མཛེས་དང་རྔ་བ་སོགས་བོད་ཁུལ་གྱི་མི་སེར་( རྒྱ་རིགས་ཚུད་པའི་མི་ཡོད་ཚད་) དང་། རྒྱ་རིགས་ས་ཁུལ་གྱི་ཁྲུན་ཏུའུ་དུ་ཡོད་པའི་བོད་རིགས་རྣམས་ཕྱི་རྒྱལ་དང་ཧོང་ཀོང་། མེ་ཁའོ་ས་ཁུལ་དུ་ཕྱིར་བསྐྱོད་བྱ་རྒྱུར་གོ་སྒྲིག་བྱ་མི་ཆོག

ལྗོངས་རྒྱུ་བའི་ཚོང་ཁང་ཁག་དང་ཡུལ་སྐོར་འགྲིམ་འགྲུལ་སྣེ་ཤན་པ་སོ་སོའི་དོ་སྣང་དགོས་རྒྱུ། ཕྱི་ཟླ་༥ པའི་ཚེས་༢༠ ནས་ཕྱི་ཟླ་༧ པའི་ཚེས་༡༥ བར་གྱི་དུས་སྐབས་སུ་ཕྱིར་ཐོན་མཁན་རྣམས་ལ། ལྗོངས་རྒྱུ་ཅ་དངོས་སོགས་བཙོང་སྐབས་ཡུལ་སྐོར་མགྲོན་པོ་སོ་སོའི་ལག་ནས་ཚད་ལྡན་ཡིག་ཆ་(ཕྱིར་བསྐྱོད་ལག་ཁྱེར། མི་སེར་ལག་ཁྱེར།) མཁོ་སྤྲོད་དགོས་པ་དང་། ཡུལ་སྐོར་འགྲིམ་འགྲུལ་ཚན་པས་ཡིག་ཆར་དག་མཆན་འཁོད་པའི་རྗེས་དེབ་སྐྱེལ་བྱ་ཆོག གལ་སྲིད་དེ་ལྟར་མ་བྱས་ཚེ་མཇུག་འབྲས་ཡོངས་རྫོགས་རང་ཉིད་ཀྱིས་འགན་ཁུར་དགོས།

ཁ་སྣོན། དེབ་སྐྱེལ་ཟིན་པ་རྣམས་ཀྱིས་མི་སེར་ལག་ཁྱེར་གྱི་ངོ་བཤུས་མཁོ་སྤྲོད་བྱ་རྒྱུ།

ཚང་མས་མཐུན་འགྱུར་དང་བསམ་ཤེས་བྱ་བར་ཐུགས་རྗེ་ཆེ།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།