རྒྱ་གར་གཞུང་ནས་སྨན་རྩིས་ཁང་ལ་ཧིན་སྒོར་འབུམ་༩༩༩.༩༩ ཡི་རོགས་སྐྱོར་གནང་འདུག
སྨན་རྩིས་མཐོ་སློབ་གསར་རྒྱག་དང་སྨན་སྦྱོར་སོགས་ལས་གཞི་རྣམས་ཀྱི་ཆེད་དུ་༧གོང་ས་མཆོག་ནས་ཧིན་སྒོར་འབུམ་༢༠༠ དང་། སྨན་རྩིས་མཐོ་སློབ་གསར་རྒྱག་གི་ཆེད་དུ་རྒྱ་གར་གཞུང་ནས་ཧིན་སྒོར་འབུམ་ཆིག་སྟོང་ལ་ཉེ་བ་གནང་གཏན་འཁེལ་འདུག
ཟླ་འདིའི་ཕྱི་ཚེས་༡༢ ཉིན་གྱི་སྔ་དྲོ་དྷ་ས་བོད་གཞུང་སྨན་རྩིས་ཁང་གི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྨན་རྩིས་ཁང་གི་ལས་བྱེད་དང་། ལས་མི། སློབ་ཕྲུག་བཅས་འདུ་འཛོམས་ཐོག སྨན་རྩིས་ཁང་གི་འགན་འཛིན་ཕུ་ནུ་བཀྲ་ཤིས་ཚེ་རིང་གིས་གསར་འགོད་གསལ་བསྒྲགས་སྤེལ་གསལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ས་གནས་སྦེང་ལོར་ཆགས་པའི་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་ཉེ་འགྲམ་དུ། སྨན་རྩིས་ཁང་ལ་ས་ཆ་རྒྱ་ཁྱོན་ཨེ་ཀར་གསུམ་ཡོད་སར་སྨན་རྩིས་མཐོ་སློབ་ཅིག་གསར་དུ་འཛུགས་སྐྲུན་བྱེད་བཞིན་པ་དེ་དང་། སྨན་སྦྱོར་སོགས་སྨན་རྩིས་ཁང་གི་ལས་གཞི་རྣམས་ཀྱི་ཆེད་དུ་༧གོང་ས་མཆོག་གིས་ཧིན་སྒོར་འབུམ་༢༠༠ གནང་ཡོད་པ་དང་། དེ་བཞིན་རྒྱ་གར་དབུས་གཞུང་དང་། ཀར་ན་ཊ་ཀ་མངའ་སྡེ་གཞུང་གཉིས་ནས་སྦེང་ལོར་སྨན་རྩིས་མཐོ་སློབ་གསར་སྐྲུན་གྱི་ལས་གཞིའི་ཆེད་ཧིན་སྒོར་འབུམ་༩༩༩.༩༩ གནང་གཏན་འཁེལ་འདུག
གོང་གསལ་རྒྱ་གར་དབུས་སའི་གཞུང་གཉིས་ནས་སྨན་རྩིས་ཁང་ལ་རོགས་དངུལ་གནང་རྒྱུ་གཏན་འཁེལ་བའི་ཁོངས་ནས་བརྒྱ་ཆ་༦༠ ཐམ་པ་རྒྱ་གར་དབུས་གཞུང་དང་། བརྒྱ་ཆ་༤༠ ཐམ་པ་ཀར་ན་ཊ་ཀ་མངའ་སྡེ་གཞུང་གིས་གནང་རྒྱུ་ཡིན་འདུག་པ་དང་། དེ་ཡང་། ལོ་རེར་ཧིན་སྒོར་འབུམ་༣༣༣.༣༣ རེ་གནང་ནས་ལོ་༣ གྱི་རིང་ལ་ཁྱོན་བསྡོམས་ཧིན་སྒོར་འབུམ་༩༩༩.༩༩ ཡི་རོགས་རམ་ཐོབ་རྒྱུ་ཡིན་པ་རེད།
གསར་འགོད་གསལ་བསྒྲགས་སྐབས་“བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། རྒྱ་གར་དབུས་སའི་གཞུང་གཉིས་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་” ཞེས་དང་། “༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། རྒྱ་གར་དབུས་སའི་གཞུང་གི་ལམ་སྟོན་ལྟར་ལས་གཞི་ཚགས་ཚུད་དང་། ལས་བསྡོམས་དུས་སོ་སོར་འབུལ་རྒྱུས་མཚོན་ཞུ་སྒོ་རྣམས་ལ་གཟབ་ནན་ཞུ་རྒྱུ་ཡིན་” ཞེས་གསུངས་སོང་ལ། དེ་བཞིན་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མ་འོངས་སྔོན་གཟིགས་ཀྱི་ཐུགས་རྗེའི་གཟིགས་སྐྱོང་འོག་སྨན་རྩིས་ཁང་ཐོག་མར་དབུ་བརྙེས་པ་ནས་བཟུང་། ད་ཆ་ཡན་ལག་དང་བཅས་པ་གཞི་རྒྱ་ཇེ་ཆེར་སོང་སྟེ་བོད་མི་ཙམ་མ་ཟད། གནས་ཡུལ་རྒྱ་གར་སོགས་འཛམ་གླིང་ཡུལ་གྲུ་གང་སའི་མི་སྣ་ཧ་ཅང་མང་པོའི་ལུས་སེམས་ཀྱི་བདེ་ཐང་ལ་ཕན་རླབས་ཡོང་དང་ཡོང་བཞིན་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོའི་ཕྱི་ཟླ་༡༢ ཕྱི་ཚེས་༡༤ རེས་གཟའ་ལྷག་པའི་ཉིན་ད་ལྟ་བྷེང་ལོར་དུ་གསར་རྒྱག་བྱེད་བཞིན་པའི་སྨན་རྩིས་མཐོ་སློབ་ཀྱི་རྨང་གཞིའི་རྡོ་ཆེན་རྣམས་ལ་༧གོང་ས་མཆོག་ནས་བྱིན་འབེབས་དང་། ཐུགས་སྨོན་མཚམས་སྦྱོར་གནང་ཡོད་སྐོར་བཅས་ཀྱང་གསུངས་སོང་། །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།