རྒྱལ་ཁབ་༥༠ ཡིས་རྒྱ་ནག་གིས་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་ཐོག་ཉེས་འཛུགས་བྱས་འདུག

ཟླ་འདིའི་ཚེས་༢ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༥༠ ཡིས་རྒྱ་ནག་གིས་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་ཐོག་ལ་ཉེས་འཛུགས་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་ཏུར་ཀི་སི་ཐན་གྱི་ཤར་ཕྱོགས་སུ་ཡོད་པའི་མི་མང་དང་ཡུ་གུར་བ་ཚོ་ལ་བཙན་གནོན་དང་གཉའ་གནོན་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གྱིས་ཨ་རི་དང་དབྱིན་ཇི། ཉིང་ཧོང་དང་ཧྥི་རན་སི། ཇར་མན་ནི་སོགས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༥༠ ཡིས་རྒྱ་ནག་གཞུང་ལ་ཉེས་འཛུགས་བྱས་ཡོད་འདུག

ཟླ་༩ པའི་ཚེས་༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་ཀྱིས་ལས་ཡུན་གྱི་ཉིན་མཐའ་མ་དེར། རྒྱ་ནག་གཞུང་གིས་ཁ་གསལ་མེད་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་བེད་སྤྱོད་བཏང་ནས། ཡུ་གུར་མི་རིགས་དང་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཡོད་པ་དང་། ཁོ་ཚོའི་ཐོག་ཏུ་གང་བྱུང་འཛིན་བཟུང་དང་བཀག་ཉར་གྱི་བྱ་སྤྱོད་ལག་བསྟར་བྱས་ཡོད་པ། བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་དང་བཙན་གཡེམ། ཕོ་མོའི་དྲག་སྤྱོད་སྤེལ་ཡོད་པ། བཙན་དབང་ཐོག་ནས་སྨན་བཅོས་བྱས་སུ་བཅུག་པ་དང་དབྱེ་འབྱེད་ལྡན་པའི་སྐྱེ་འགོག་གི་སྲིད་བྱུས་ལག་བསྟར་བྱས་པ་སོགས་རྒྱ་ནག་གིས་ཡུ་གུར་ཁུལ་དུ་ཡུ་གུར་མི་རིགས་དང་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་མེད་ཀྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་འདུག

ལོ་འདིའི་ཟླ་བ་བཅུ་པའི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཐེངས་༥༡ པ་དེ་ཉིད་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་ཏུ་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་མི་རིགས་རྩ་མེད་གཏོང་བཞིན་པའི་གནད་དོན་དང་འབྲེལ་བའི་ཐོག་བགྲོ་གླེང་བྱེད་རྒྱུ་ཡིན་མིན་གྱི་འོས་བསྡུ་བྱེད་པའི་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་༤༧ ལས་རྒྱལ་ཁབ་༡༧ གྱིས་གནད་དོན་དེའི་ཐོག་བགྲོ་གླེང་བྱེད་རྒྱུ་དང་རྒྱལ་ཁབ་༡༩ ཡིས་བགྲོ་གླེང་ལ་དགག་པ་དང་། གཞན་རྒྱལ་ཁབ་༡༡ བར་གནས་སུ་བསྡད་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་༥༡ པའི་སྟེང་ཡུ་གུར་མི་རིགས་ཀྱི་གནད་དོན་ཐོག་ལ་བགྲོ་གླེང་བྱས་ཐུབ་མེད་པ་རེད་འདུག

རྒྱུ་མཚན་དེར་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དག་ལ་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་སླར་ཡང་བགྲོ་གླེང་ཡོང་པའི་རེ་བསྐུལ་ཞུས་ཡོད་འདུག

ཐེངས་འདི་རྒྱལ་ཚོགས་སུ་རྒྱལ་ཁབ་༥༠ ཡིས་རྒྱ་ནག་ལ་ཉེས་འཛུགས་བྱས་ཡོད་ཀྱང་ཁྱིའུ་བྷ་གཙོས་པའི་ཁ་ཆེ་རྒྱལ་ཁབ་མང་པོ་ཞིག་ནི་རྒྱུན་ལྡན་བཞིན་རྒྱ་ནག་གི་ཕྱོགས་སུ་ལངས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ལོ་༡༩༤༩ ཟླ་བ་༡༠ པའི་ནང་རྒྱ་ནག་མི་མང་བཅིང་འགྲོལ་དམག་གིས་ཏུར་ཀེ་སི་ཐན་གྱི་ཤར་ཕྱོགས་སུ་བཙམ་འཛུལ་བྱས་ཡོད་པ་དང་། ཏུར་ཀེ་མི་མང་གིས་ཏུར་ཀེ་སི་ཐན་ནི་རྒྱ་ནག་གི་བཙན་དབང་གི་འོག་ཏུ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་ལས་རྒྱ་ནག་གིས་བརྗོད་པ་བཞིན། རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་མིན་པ་ལ་ངོས་འཛིན་བྱེད་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply