བོད་རང་བཙན་གསལ་བསྒྲགས་མཛད་ནས་ལོ་༡༡༠ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་།

ཟླ་འདིའི་ཚེས་༡༣ ཉིན་བཞུགས་སྒར་དྷ་ས་ལ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་བསྐྱར་ནན་གསལ་བསྒྲགས་སྤེལ་ནས་ལོ་ངོ་༡༡༠ འཁོར་བའི་ཉིན་མོ་དེ་བོད་ཆས་གཙང་མའི་འགྱིང་འགྲོས་བྱས་ནས་སྲུང་བརྩི་ཞུས་སོང་།

སྐབས་དེར་རྒྱ་གར་དུ་བོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིན་འཛིན་ཆོས་སྒྲོན་གྱིས་ཕྱི་ལོ་༢༠༡༣ ལོ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་བསྐྱར་ནན་གསལ་བསྒྲགས་སྤེལ་ནས་ལོ་ངོ་༡༠༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ནས་བཟུང་ད་བར་ཉིན་མོ་དེ་སྲུང་བརྩི་ཞུ་ཡི་ཡོད་པ་དང་། ཐེངས་འདིར་བོད་མི་རྒན་གཞོན་བར་གསུམ་གྱིས་བོད་ཆས་གཙང་མ་གྱོན་ནས་འགྱིང་འགྲོས་ཀྱི་ཐོག་ནས་ཉིན་མོ་འདི་སྲུང་བརྩི་ཞུ་བཞིན་པར་ལྟར་ས་གནས་གཞན་དུ་ཡང་བརྗོད་གཞི་མ་འདྲ་བ་དང་རྣམ་པ་མ་འདྲ་བའི་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུ་བཞིན་ཡོད་རབས་དང་། ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་འདི་སྲུང་བརྩི་ཞུས་པ་ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་བརྗོད་གནང་སོང་།

གཞན་ཡང་དེ་རིང་གི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་བཀྲ་ཤིས་རྡོ་རྗེ་ཡིས་དེ་རིང་གི་ཉིན་མོ་དེ་གལ་འགངས་ཆེན་མོ་ཞིག་ཆགས་ཡོད་པར་བརྟེན། སོ་སོའི་ཚོང་ལས་སོགས་བཞག་ནས་ལས་འགུལ་གྱི་ནང་མཉམ་ཞུགས་བྱས་ཡོད་པ་དང་མ་འོངས་པ་ཡང་ཉིན་མོ་དེ་སྲུང་བརྩི་བྱ་རྒྱུའི་ཐོག་ལ་མཉམ་ཞུགས་བྱ་རྒྱུ་ཡིན་ཞེས་བརྗོད་གནང་སོང་།

ཐེངས་འདིའི་ལས་འགུལ་ནང་བོད་མི་རྒན་གཞོན་བར་གསུམ་ཁྱོན་བསྡོམས་མི་གྲངས་བརྒྱ་ཙམ་གྱིས་ལུས་ལ་བོད་ཆས་གཙང་མ་གྱོན་ནས་མེག་གྷན་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་འགྱིང་འགྲོས་ཀྱི་ལས་འགུལ་སྤེལ་བའི་རྗེས་གཙུག་ལག་ཁང་གི་ཉེ་འགྲམ་རླངས་འཁོར་འཇོག་ས་ལ་དགའ་ཞིང་སྤྲོ་བའི་ངང་ནས་སྒོར་གཞས་འཁྲབ་པ་བཅས་ཀྱི་ལས་འགུལ་མཇུག་སྒྲིལ་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།