ཁམས་སོག་རྫོང་གི་བོད་མི་ཞིག་འཇུ་བཟུང་།

ཁམས་སོག་རྫོང་ཁྲི་རྡོ་ཤང་དུ་སྦྱར་ཡིག་བཀྲམ་པའི་དོགས་གཞིའི་འོག་བོད་མི་བསྟན་དགའ་ཟེར་བ་འཛིན་བཟུང་བྱས་འདུག

ཟླ་༤ ཚེས་༩ ཉིན་ཁམས་སོག་རྫོང་ཁྲི་རྡོ་ཤང་གི་ན་གཞོན་རང་ལོ་༡༧ ཙམ་ཡིན་པ་བསྟན་དགའ་ཟེར་བ་ཁྲི་རུ་དྲིལ་མདའ་དགོན་པའི་ནང་འདི་ལོའི་ཕྱི་ཟླ་༢ ཚེས་༢༨ ཉིན་བོད་དོན་ཡིག་ཆ་སྦྱར་བའི་དོགས་གཞིའི་འོག འཛིན་བཟུང་གིས་ནག་ཆུ་ས་ཁུལ་དུ་ཁྲིད་ཡོད་པ་དང་། དེ་རྗེས་གང་དུ་ཁྲིད་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
བསྟན་དགའ་ལགས་ནི་ཁྲི་རུ་གྲོང་ནས་ཡིན་པ་དང་། དེ་སྔོན་སློབ་གྲྭར་འགྲོ་མྱོང་ཡོད་པས་དེང་དུས་ཀྱི་ཤེས་ཡོན་ཅུང་ཟད་ཡོད་པའི་གཞོན་ནུ་ཞིག་ཡིན་པ་རེད།  ཉིན་ཤས་སྔོན་རྒྱ་གཞུང་གིས་གྲོང་ཚོའི་ནང་ཡི་གེ་ཤེས་མཁན་ག་ཚོད་འདུག་ལྟ་གི་ཡིན་ཟེར་ནས་གྲོང་ཚོའི་མི་ཚང་མར་ཡིག་ཚད་ལྟ་བུ་ཞིག་བཏང་སོང་། ང་ཚོས་ཡིག་གཟུགས་བརྩད་བཅོད་ཀྱི་ཡོད་པའི་དོགས་པ་མ་བྱུང། དེ་རྗེས་ཁོང་འཛིན་བཟུང་བྱས་སོང་ཞེས་འབྲེལ་ཡོད་ཀྱིས་བརྗོད་སོང་།

ཕྱི་ཟླ་༤ ཚེས་ཤར་ཙམ་ལ་རྒྱ་གཞུང་གིས་དགོན་པར་མངགས་གཏོང་བྱས་པའི་ལས་བྱེད་རྣམས་ཀྱི་སྡོད་ཁང་གི་སྒོ་བྱང་དེ་བཅག་གཏོར་བྱས་ཡོད་པ་དང་། དེ་བཅག་གཏོར་བྱེད་་མཁན་ཡིན་པའི་དོགས་གཞིའི་འོག་བོད་མི་ཕུར་བུ་དང་། རབ་གསལ། བསྟན་གྲགས་གསུམ་བདུན་ཕྲག་གཅིག་མ་ཟིན་ཙམ་ལ་བཀག་ཉར་ཚ་འདྲི་བྱས་ནས་ད་ཆ་ཁོ་ཚོ་ཕྱིར་བཏང་ཡོད་འདུག
དྲེལ་མདའ་དགོན་གསར་བཞེངས་སྐབས་སུ་དམིགས་བསལ་འགན་ཁུར་ནས་སྐུ་ངལ་ཆེན་པོ་བསྐྱོན་གྲྭ་བློ་བཟང་དཔལ་ལྡན་ཞེས་པ་ཁོང་སྡེ་དགོན་གཉིས་ལ་ཕན་ཐོགས་ཡོད་པའི་ཕྱག་ལས་མང་པོ་གནང་མྱོང་ཡོད་མཁན་ཞིག་རེད་ལ། ཁོང་ཕྱི་ལོ་༢༠༠༧ ལོར་རྒྱ་གར་དུ་གནས་སྐོར་ལ་ཡོང་ནས་ཕྱིར་ཕ་ཡུལ་དུ་ཕེབས་རྗེས། རྒྱ་གཞུང་གིས་རྒྱ་གར་དུ་སོང་བ་ཤེས་རྟོགས་བྱུང་ནས་ཆོས་སྟོན་ལས་ཁུངས་ཞེས་པས་དགོན་པའི་ནང་དུ་སྡོད་མི་ཆོག་སྐོར་བཤད་ནས་ དམ་དྲག་དང་གནོན་བཙིར་བྱས་ནས་ཕྱིར་ཕུད་བཏང་བའི་རྐྱེན་གྱིས ། ཕྱི་ལོ་༢༠༡༠ ལོའི་ཟླ་༡༡ ཚེས་༡༥ ཉིན་གནམ་བཏགས་བརྒྱབ་ནས་རང་ཤི་རྒྱག་དགོས་བྱུང་ཡོད་པ་རེད།
དེའི་རྐྱེན་གྱི་ས་གནས་བོད་མི་རྣམས་ཀྱི་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་ཡོད་པ་རེད་ལ་ས་གནས་རྒྱ་གཞུང་གི་ལས་བྱེད་རྣམས་ཀྱིས་སྔར་དང་མི་འདྲ་བའི་དྲག་གནོན་བྱེད་བཞིན་འདུག་ཅེས་འགྲེལ་བརྗོད་གནང་སོང་།