སི་རི་ཡའི་ནང་འབར་རྫས་གས་གཏོར།
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༤ པའི་ཚེས་༣༠ ཉིན་སི་རི་ཡའི་རྒྱལ་ཁབ་ནང་འབར་རྫས་གས་འཐོར་བྱུང་སྟེ། མི་གྲངས་༢༠ ལྷག་རྐྱེན་ལམ་དུ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང། རྐྱེན་ལམ་དུ་ཤོར་བའི་ནང་མི་ཕལ་ཆེ་བ་ནི་གཞུང་གི་བདེ་སྲུང་མི་སྣ་ཡིན་པ་རེད།
སི་རི་ཡའི་གཞུང་གིས་བརྗོད་དོན་ལྟར་ན། འབར་རྫས་གས་འཐོར་གྱི་དོན་རྐྱེན་དེའི་རྒྱབ་ལ་འཇིགས་སྐུལ་རིང་ལུགས་པ་ཡོད་སྐོར་བརྗོད་ཡོད་པ་དང། ཡང་མི་མང་རྣམས་ཁོང་ཁྲོ་དྲག་པོ་ལངས་ནས་འབར་རྫས་ཀྱི་དོན་རྐྱེན་དང་དྲག་སྤྱོད་དེ་དག་ནི་སྲིད་འཛིན་ཨ་ཟཱ་ཏའི་འཛིན་སྐྱོང་གིས་ལྐོག་ཇུས་བཤམས་ཡོད་སྐོར་བརྗོད་འདུག
འབར་རྫས་དེས་ཁང་བརྩེགས་གཅིག་འཐོར་ཞིག་ཏུ་བཏང་བ་དང་ཉེ་འཁོར་དུ་ཡོད་པའི་མོ་ཊ་སོགས་ཀྱང་བཏོར་སྐྱོན་བཏང་བ་མ་ཟད། མི་མང་༢༠ ལྷག་རྐྱེན་ལམ་དུ་བཏང་ཡོད་འདུག དོན་རྐྱེན་དེའི་རྐྱེན་པས་མི་མང་ལ་འཇིགས་སྐུལ་དང་དཀའ་སྡུག་ཆེན་པོ་སྤྲད་ཡོད་པ་རེད།
གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བས་བརྗོད་ན་དོན་རྐྱེན་དེའི་ཁག་སི་རི་ཡའི་གཞུང་ལ་ཡོད་པར་བརྗོད་པ་དང་། ཡང་གཞུང་གིས་གནས་ཚུལ་དེ་འཇིགས་སྐུལ་རིང་ལུགས་པར་ནང་ཉེས་ཡོད་པའི་སྐྱོན་བརྗོད་བྱེད་རེས་བྱེད་བཞིན་ཡོད་རུང་། ད་ལྟ་བར་དཔང་རྟགས་གང་ཡང་སྟོན་རྒྱུ་མེད་པ་རེད།
དེ་སྔོན་ཕྱི་ཟླ་༤ པའི་ཚེས་༡༢ ཉིན་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས་ཞི་བའི་གྲོས་འཆར་བཏོན་པ་ལྟར་འགྲུབ་ཡོད་མེན་ལ་མ་ལྟོས་པར། དྲག་པོའི་ལས་འགུལ་མཚམས་མ་ཆད་པར་ཉིན་རེ་ཇེ་སྡུག་ཏུ་འགྲོ་མུས་ཡིན་པས། རྒྱལ་ཚོགས་ཀྱི་ཞི་བའི་སྐུ་ཚབ་ཀོ་ཧྥི་ཨ་ནཱན་ནས་ཀྱང་ཉིན་རེར་ཆུ་ཚོད་གཉིས་རེར་དྲག་པོའི་དམག་འཁྲུག་མཚམས་འཇོག་དང་རྒྱལ་ཁབ་ནང་ཟིང་འཁྲུག་ཞི་འཇགས་ཡོང་ཐབས་ཀྱི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད།