ཏཱ་ལའི་རུ་ཚོགས་ཀྱི་ངན་སྐུལ་རེད་ཟེར།
ཉེ་ཆར་སྦེལ་རྗམ་དུ་ཚོགས་འདུ་ཞིག་གི་ཐོག་བྱམས་པ་ཕུན་ཚོགས་ཀྱིས་བོད་མི་ཚོས་རང་ལུས་མེར་བསྲེག་གི་ལས་འགུལ་དེ་ཏཱ་ལའི་རུ་ཚོགས་ཀྱིས་ངན་བསྐུལ་ཡིན་ཚུལ་དང་། མུ་མཐུད་དེ་ལྟར་བྱ་རྒྱུ་ཡིན་ན་ཏཱ་ལའི་ཤོག་ཁག་དང་གྲོས་མོལ་བྱ་རྒྱུ་མིན་ཞེས་བཤད་ཡོད་པ་རེད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར་བྱམས་པ་ཕུན་ཚོགས་ཀྱིས་སྣེ་འཁྲིད་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ལྟ་སྐོར་སྐུ་ཚབ་ཚོགས་པ་ཞིག སྦེལ་རྗམ་གྱི་རྒྱལ་ས་སྦར་སེལ་སི་རུ་འབྱོར་ཏེ། དེང་དུས་ཀྱི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཞེས་པའི་གོ་སྒྲིག་བྱས་པའི་བགྲོ་གླེང་ཚོགས་འདུ་ཞིག་གི་སར་བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་བྱམས་པ་ཕུན་ཚོགས་ཀྱིས། བོད་ནང་གི་རང་ལུས་མེར་བསྲེག་གི་ཐད་ནས་ཚོགས་བཅར་བའི་འདྲི་བར་ལན་འདེབས་དང་འབྲེལ། རྒྱ་ནག་གཞུང་གི་ལངས་ཕྱོགས་ངོ་སྤྲོད་བྱེད་སྐབས། ཁོ་པ་བོད་མི་ཞིག་ཡིན་པའི་ཆ་ནས་རང་ལུས་མེར་བསྲེག་གཏོང་བའི་ལས་འགུལ་ལ་སྐུལ་འདེད་བྱ་རྒྱུ་དེ། བོད་ཀྱི་ནང་ཆོས་དང་མི་མཐུན་པ་ཡིན་པ་མ་ཟད། བོད་མིས་རང་ལུས་མེར་བསྲེག་གཏོང་བ་དེ་དག་ཏཱ་ལའི་ཤོག་ཁག་ཚོས་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་ངན་ཇུས་ཡིན་ཚུལ་དང་། ཏཱ་ལའི་ཤོག་ཁག་ཚོས་ཁ་བྲལ་གྱི་ལས་འགུལ་དང་རང་ལུས་མེར་བསྲེག་གཏོང་བའི་ལས་འགུལ་རིགས་ལ། སྐུལ་འདེད་མུ་མཐུད་བྱས་ཚེ་ཏཱ་ལའི་ཤོག་ཁག་དང་གྲོས་མོལ་བྱ་རྒྱུ་མིན་ཚུལ། གལ་སྲིད་རྒྱ་ནག་གཞུང་གིས་ཏཱ་ལའི་ཤོག་ཁག་དང་གྲོས་མོལ་བྱས་པ་ཡིན་རུང་། གྲོས་མོལ་གྱི་གནད་དོན་གཙོ་བོ་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་དང་། ཕྱི་སྡོད་བོད་མིའི་མ་འོངས་གནས་བབ་སྐོར་གྲོས་མོལ་གཅིག་པུ་བྱ་རྒྱུ་མ་གཏོགས། གཞན་གནད་དོན་གང་ཡང་གྲོས་མོལ་བྱ་རྒྱུ་མིན་སྐོར་བརྗོད་ཡོད་འདུག