འགྱོད་པ་མེད།
ཤི་གསོན་རྒྱུ་ནོར་བསྡུ་སའི་མདུན་ཅོག་དེ་བཅག་སྟེ།།
དངོས་ཡོད་སྤྱི་མཉམ་རིགས་པའི་གཞུང་ལུགས་ལ་བརྟེན་ནས།།
རྒན་བྱིས་རིས་མེད་སྐྱོབ་པའི་མཐུན་རྐྱེན་ཞིག་འགྲུབ་ན།།
སྤྲུལ་སྐུ་དབྱིངས་ནས་ཁྲོས་ཀྱང་འགྱོད་པ་དེ་མི་འདུག།
ཚུལ་གསུམ་རུས་སྦལ་རྒན་པོའི་ཁྲོན་པ་དེ་བཤིགས་ཏེ།།
དུས་རབས་ཤེས་བྱ་རྒྱ་མཚོའི་ཉེ་འགྲམ་ལ་བཅར་ནས།།
རླབས་དཀར་གྱེན་དུ་ཕྱུར་པའི་གཟི་རྔམས་དེ་མཐོང་ན།།
རྟོག་གེ་འབུམ་གྱིས་སྡང་ཡང་འགྱོད་པ་དེ་མི་འདུག།
མུན་སྟུག་རྨོངས་དད་མཁྲེགས་པའི་བྲག་རྫོང་དེ་གཏོར་ནས།།
དུས་རབས་གསར་པའི་ཤེས་བྱའི་མཛེས་ལྗོངས་ཀྱི་སྐྱེད་ཚལ།།
མ་བཅོས་གཉུག་མའི་སེམས་ཀྱིས་ལྟད་མོ་ཞིག་མཐོང་ན།།
ཆོས་པ་ཁྲི་ཕྲག་ཁྲོས་ཀྱང་འགྱོད་པ་དེ་མི་འདུག།
དཀོར་ནག་དུག་རྫས་བཙོ་སའི་ཟངས་མཁར་དེ་བཅག་སྟེ།།
དུས་རབས་གསར་པའི་རང་རྐང་འཚོ་བ་ཞིག་བསྟེན་ནས།།
འགྱེད་དང་ཇ་ཐུག་མེད་པའི་ལྟོ་སྐལ་ཞིག་རེག་ན།།
མགོ་རིལ་སྟོང་གིས་འཐབ་ཀྱང་འགྱོད་པ་དེ་མི་འདུག།
སྔགས་ནག་རྫུན་ཕྲེང་བགྲང་སའི་ཕྲེང་ཐག་དེ་བཅད་དེ།།
ཀླད་མེད་ཅོལ་ཆུང་བྱིས་པའི་བློ་ཁ་དེ་བསྒྱུར་ནས།།
དུས་རབས་དངོས་ཡོད་རིགས་པའི་གཞུང་ལུགས་དེ་རྟོགས་ན།།
ཕུར་ཐོགས་སྟོང་གིས་དམོད་ཀྱང་འགྱོད་པ་དེ་མི་འདུག།
མཁྲེགས་འཛིན་ཨ་འཐས་བཅས་པའི་ལྕགས་གོང་དེ་གཏོར་ནས།།
དུས་རབས་གསར་པའི་ཡངས་པའི་རྒྱལ་ཁམས་ཀྱི་ལྟད་མོ།།
རང་དབང་རྣམ་དཔྱོད་གཤོག་པའི་ལྡིང་ཁང་ནས་མཐོང་ན།།
གནའ་མི་རྒན་པོ་ཁྲོས་ཀྱང་འགྱོད་པ་དེ་མི་འདུག།
རྙིང་སྲོལ་ལྷ་ཡིས་བྱས་པའི་ཞགས་ནག་དེ་བཅད་ནས།།
དུས་རབས་ཉི་ཤུའི་ལུགས་སྲོལ་གསར་པ་ཡི་ལམ་ཆེར།།
རྐང་གཉིས་མི་ཚོགས་ཁྲོད་དུ་མི་གྲལ་ལ་ཚུད་ན།།
མི་རྒན་བརྒྱ་ཕྲག་ཁྲོས་ཀྱང་འགྱོད་པ་དེ་མི་འདུག།
རྗེས་ལུས་མུན་པ་འཐིབས་པའི་སྨག་རུམ་དེ་བསལ་ཏེ།།
རྟ་བདུན་གོམ་པའི་འགྲོས་ཀྱི་འོད་རླབས་ལ་བརྟེན་ནས།།
དུས་རབས་གསར་པའི་རྐང་རྗེས་རི་མོ་དེ་རྙེད་ན།།
གནའ་སྲོལ་རྩ་བརླགས་སོང་ཡང་འགྱོད་པ་དེ་མི་འདུག།
རྒན་ཞེན་རིང་ལུགས་གོམས་པའི་ལམ་སྲོལ་དེ་བཀག་ནས།།
དངོས་ཡོད་རྒྱུ་མཚན་རིགས་པའི་སྲང་མདའ་ལ་བརྟེན་ནས།།
ཆོས་དང་འཇིག་རྟེན་གསར་པའི་ལམ་ཆེན་དེ་རྙེད་ན།།
རྒན་རབས་ཀུན་གྱིས་སྡིགས་ཀྱང་འགྱོད་པ་དེ་མི་འདུག།
རྐུབ་ཀྱག་མཐོ་དམན་རྩོད་པའི་རྒྱ་མཚོ་དེ་བསྐམས་ཏེ།།
ཤེས་འཇོན་ལྕི་ཡང་འཇལ་བའི་ཉ་ག་ལ་བརྟེན་ནས།།
ལྷག་བསམ་གངས་དཀར་བརྩེགས་པའི་དཔོན་པོ་ཞིག་མཇལ་ན།།
དབང་ཆེན་སྐུ་ངོ་ཁྲོས་ཀྱང་འགྱོད་པ་དེ་མི་འདུག།
བྱུང་སོང་མགོ་ཐུག་མེད་པའི་རྩིས་ཁྲ་དེ་དབྲལ་ཏེ།།
སྤྱི་རྒྱུ་ཧམ་ཟོས་བྱས་པའི་མཆེ་བ་དེ་བཅག་ནས།།
ཚངས་ཐིག་དབྱིངས་སུ་འདེབས་པའི་རྩིས་པ་ཞིག་བསྐོས་ན།།
དྲུང་ཆེན་གཏིང་ནས་ཁྲོས་ཀྱང་འགྱོད་པ་དེ་མི་འདུག།
ལུང་ཚན་ཕྱོགས་རིས་འབྱེད་པའི་སོག་ལེ་དེ་བཅག་སྟེ།།
ཕྱི་འཇམ་ནང་དུ་རྩུབ་པའི་ལྕགས་སྒྲོགས་དེ་བཅད་ནས།།
སྤྱི་སེམས་སྙིང་ལ་ཉར་བའི་སྤྱི་མི་ཞིག་ཐོབ་ན།།
རྒྱུན་ལས་དགོངས་པ་འཁྲུགས་ཀྱང་འགྱོད་པ་དེ་མི་འདུག།
ངག་སྒོ་ཕྲེད་དུ་ཕྱིས་པའི་འགྱོད་མེད་ཀྱི་གཏམ་འདི།།
ཐོལ་བྱུང་སེམས་ངོར་ཤར་བ་རི་མོ་ལ་བཀོད་པས།།
གཅེས་པའི་ཚེ་སྲོག་དམར་པོའི་ཟུངས་ཁྲག་ལ་བསྒྲེས་ཀྱང༌།།
སྤྲང་རྒན་བེ་སྨྱོན་འགྱོད་པ་སྐྱེ་དོན་ཞིག་མི་འདུག།
༡༩༩༦༣༡༩ འཛིན་གྲྭ་བདུན་པའི་སློབ་ཁང་དུ་བྲིས།