རྒྱ་ནག་གཞུང་གིས་ལྷ་སར་ཡུལ་སྐོར་སྤྲོ་འཆམ་པ་བཀག་འགོག

ཟླ་འདིའི་ཚེས་༦ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ལྷ་སར་ཡོད་པའི་རྒྱ་ནག་གཞུང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས། བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་གོ་སྒྲིག་བྱེད་མཁན་གྱི་ལས་ཁུངས་ཁག་ལ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་སྤྱི་དང་།

ལྷག་པར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་འགྲུལ་བཞུད་ཀྱི་ལས་གཞི་གོ་སྒྲིག་བྱ་རྒྱུ་མཚམས་འཇོག་དགོས་པའི་བཀའ་རྒྱ་བཀྲམ་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ནང་སླར་ཡང་དམ་དྲག་བྱས་པའི་གནས་ཚུལ་འདི་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མདོ་སྨད་ནས་ཡིན་པའི་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་དམ་དྲག་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་ཉིན་གྲངས་ ༡༠ སོང་རྗེས་བྱུང་བ་ཞིག་ཡིན་འདུག

སྤྱིར་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༤ ཉིན་ས་ག་ཟླ་བའི་ཚེས་ ༡༥ འཁེལ་བ་མ་ཟད། ཉིན་དེར་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་སློབ་མ་གཙོ་བོར་གྱུར་བའི་མང་གཙོ་དོན་གཉེར་བ་སྟོང་ཕྲག་མང་པོས་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་བྱས་རྐྱེན་དྲག་གནོན་བྱས་པའི་ཉིན་མོ་དང་ཡང་འཁེལ་ཡོད་པ་རེད།

དེ་བཞིན་ ཉེ་ཆར་ལྷ་སར་བོད་ཨ་མདོ་ནས་ཡིན་པའི་གྲྭ་པ་ཞིག་ལ། ས་ཚིགས་ཁ་ཤས་ནས་དམག་མིས་འདྲི་རྩད་ཡང་ཡང་བྱས་མཐར། གྲྭ་པ་དང་དམག་མིའི་བར་ཁ་རྩོད་ཤོར་བར་བརྟེན། དམག་མིས་མེ་མདའ་བརྒྱབ་སྟེ་གྲྭ་པ་དེ་དམར་གསོད་བཏང་བའི་གནས་ཚུལ་ཡང་བྱུང་ཡོད་པའི་གནས་ཚུལ་འདུག །