ཨ་མདོ་བླ་བྲང་ཁུལ་དུ་དམག་གིས་དམ་དྲག

    ཟླ་འདིའི་ཚེས་༧ ཉིན་གྱི་སྔ་དྲོ་བླ་བྲང་ཁུལ་གྱི་གཞུང་ལམ་གཙོ་བོ་ཁག་ལ་རྒྱ་དམག་གིས་རུ་སྒྲིག་བྱེད་པ་མཐོང་རྒྱུ་ཡོད་པ་མ་ཟད། ལན་ཀྲུའུ་གྲོང་ཁྱེར་གྱི་སྤྱི་ལེ་ཉིས་བརྒྱ་ཙམ་གྱི་སར་ཡོད་པའི་གཞུང་ལམ་ཐོག རླངས་འཁོར་སྔོག་བཤེར་སོགས་ཀྱི་ལས་ཀ་བྲེལ་འཚུབ་ངང་སྤེལ་བཞིན་ཡོད་འདུག ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་རུའུ་ཊར་གསར་ཁང་ནས་གནས་ཚུལ་ལུངས་འདྲེན་བྱས་པ་ལྟར་ན། མིང་འདོན་མ་བྱས་པའི་བོད་པའི་གྲྭ་པ་ཞིག་གིས་བརྗོད་གསལ་ལྟར་ན། སྔ་ལོ་བོད་མི་རྣམས་ཀྱིས་སྐད་འབོད་སོགས་བྱས་ནའང༌། ཨོ་ལིམ་པིག་རྩེད་འགྲན་སྐབས་རྒྱ་གཞུང་གིས་དྲག་གནོན་དེ་ཙམ་བྱེད་ཐུབ་ཀྱི་མ་རེད་བསམ་པའི་གདེང་ཚོད་ཡོད་ཀྱང༌། འདི་ལོ་བོད་མི་རྣམས་ཧ་ཅང་འཇིགས་སྣང་ཆེན་པོའི་གནས་སྟངས་འོག་ཡོད་སྟབས། གནས་ཚུལ་དེ་ཙམ་ལྷག་གི་མ་རེད་ཅེས་འགྲེལ་བརྗོད་གནང་འདུག དེ་བཞིན་གྲྭ་པ་གཞན་ཞིག་གིས་རྒྱ་གཞུང་གི་སྲིད་བྱུས་དང་མི་མཐུན་པར་ནོར་འཁྲུལ་བྱས་ན་ལམ་སེང་རྡུང་རྡེག་གཏོང་གི་རེད་ཅེས་དང༌། དེང་སང་བླ་བྲང་དགོན་དུ་ཉིན་མོར་དེ་ཙམ་མཐོང་རྒྱུ་མེད་ཀྱང༌། མཚན་གུང་དུ་རྒྱ་དམག་རྣམས་ཀྱིས་དགོན་པའི་ནང་སྔོག་བཤེར་དང༌། གྲྭ་པ་རྣམས་བསྡུ་སྐོང་གིས་འདྲི་གཅོད་ཡང་ཡང་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་འདུག ཕྱི་ཟླ་༡ ཚེས་༢༥ ནས་བཟུང་བླ་བྲང་དགོན་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་མི་ཆོག་པ་བཟོས་པ་མ་ཟད། ཉིན་ཤས་གོང་གསང་བའི་ཐོག་ནས་གནས་ཚུལ་བཏང་བ་ལྟར་ན། ཁུལ་དེའི་མི་མང་ལ་འདི་ལོའི་སྨོན་ལམ་ཆེན་མོའི་ནང་མཉམ་ཞུགས་མི་ཆོག་པ་དང༌། མཉམ་ཞུགས་བྱས་ན་སྲོག་ལ་ཉེན་ཁ་ཡོད་སྐོར་གྱི་སྡིག་ར་སྐུལ་བཞིན་ཡོད་པ་མ་ཟད། ད་དུང་ཕྱོགས་གང་སར་པར་ཆས་སོགས་བཙུགས་ཏེ། བོད་མིའི་འགྲུལ་བཞུད་ལ་མྱུལ་ཞིབ་ནན་པོ་བྱེད་བཞིན་ཡོད་པ་རེད། དེ་བཞིན་ཉི་ཧོང་གི་ཊོག་ཡོ་གསར་ཁང་ནས་གནས་ཚུལ་ཐོན་པ་ལྟར་ན། ལྷ་ས་གཙོས་པའི་བོད་རང་སྐྱོང་ལྗོངས་ཀྱི་ནང་དུ་དམག་མི་འབོར་ཆེན་བཏང་ནས་ཁུལ་དེའི་བོད་མི་རྣམས་ལ་དྲག་གནོན་བྱེད་སྟངས་དེ་ནི། སྔ་ལོ་བོད་ནང་ཞི་རྒོལ་བྱུང་སྐབས་ཀྱི་དམ་དྲག་བྱེད་སྟངས་དང་གཅིག་མཚུངས་ཆགས་ཡོད་འདུག་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།།