རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བསྐྱར་ཞིབ་ལྷན་ཚོགས།

    མཉམ་འབྲེལ་རྒྱལ་ཚོགས་ནང་ཡོད་པའི་རྒྱ་ནག་གི་སྐུ་ཚབ་ལའི་བྷའུ་ཏུང་གིས་ཚོགས་ཐོག་དེར་གཏམ་བཤད་སྤེལ་ཡོད་པ་དང༌། ཁོས་རྒྱ་ནག་གི་གྲོང་ཁྱེར་དང་གྲོང་བརྡལ་གཉིས་དབར་ཡོང་འབབ་ཀྱི་ཧེ་བག་ཧ་ཅང་ཆེན་པོ་ཡོད་པའི་དཀའ་ངལ་དང༌།སྨན་དང་སྤྱི་ཚོགས་ཞབས་ཞུ། བདེ་འཇགས་ལས་དོན་སོགས་མི་མང་ལ་འཐུས་ཚང་མེད་པའི་དཀའ་ངལ་ཡོད་ཐོག རྒྱ་ནག་ནི་འཛམ་གླིང་ནང་རྒྱལ་ཁབ་ཆེ་ཤོས་ཡིན་པས།ང་ཚོའི་དཀའ་ངལ་དང་འགྲོ་བ་མིའི་ཐོབ་ཐང་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ཤེས་ཀྱི་ཡོད་སྐོར་སོགས་བརྗོད་རྗེས། ཡོ་རོབ་རྒྱལ་ཁབ་ཁག་གཅིག་གི་སྐུ་ཚབ་ཚོས་རྒྱ་ནག་གིས་སྲོག་ཁྲིམས་བཅད་པ་དེ་འགྲོ་བ་མིའི་ཐོབ་ཐང་གི་རྒྱ་ལས་བརྒལ་བའི་ཁྲིམས་དང་མི་མཐུན་པའི་བྱ་བ་ཞིག་ཡིན་མིན་གྱི་སྐོར་དྲི་བ་བཏང་སྐབས། ཁོས་ལན་ཕྱིར་ལྡོག་སྟེ་ཨོ་སི་ཊུ་ལི་ཡ་གཙོས་པས་ཡོ་རོབ་རྒྱལ་ཁབ་མང་པོས་བོད་པ་དང་ཡུ་གུར་གཉིས་ཀྱི་རྒྱབ་ལ་ལངས་རྐྱང་བྱས་པའི་སྲིད་ཇུས་དེ། རྒྱ་ནག་གིས་ནམ་ཡང་ངོས་ལེན་བྱེད་མི་ཐུབ་པའི་གནད་དོན་ཞིག་རེད་ཅེས་བརྗོད་ཡོད་པ་རེད།
    ཚེས་༡༠ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང༌། དབྱིན་ཡུལ། སུད་སི། ཨོ་སི་ཊུ་ལི་ཡ། ཁེ་ན་ཌ་སོགས་ཀྱི་སྐུ་ཚབ་ཀྱིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་ལ་གླེང་སློང་ཤུགས་ཆེན་གནང་ཡོད་པ་དང༌། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཀྱིས། ལྷ་སར་འཇུ་བཟུང་བྱས་པའི་དགུང་ལོ་༨༡ ཅན་དཔལ་འབྱོར་ནོར་བུ་བཙོན་ཁང་ཏུ་བཅུག་ཡོད་པ་དང༌། ཉེ་ཆར་དམར་གསོད་བཏང་བའི་ཚ་བ་མཛོ་སྒང་གི་པདྨ་ཚེ་དཔག་གཉིས་ཀྱི་སྐོར་དམིགས་བསལ་གྱིས་གླེང་སློང་གནང་བ་དང༌། བོད་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་མཚམས་འཇོག་དགོས་སྐོར། འགྲོ་བ་མིའི་ཐོབ་ཐང་དང༌། ཆོས་དད་རང་དབང་དགོས་སྐོར། ཆབ་སྲིད་བཙོན་པ་གློད་གྲོལ་གཏོང་དགོས་སྐོར་སོགས་གསུངས་ཡོད་པ་རེད། རྒྱ་ནག་གི་སྐུ་ཚབ་ཀྱིས་བོད་ཀྱི་གནད་དོན་ནི་རྒྱ་ནག་ནང་གི་གནད་དོན་ཞིག་ཡིན་པ་དང༌། གྲངས་ཉུང་མི་རིགས་རྣམས་དང༌། ཆོས་ལུགས་མི་སྣ་ལ་དྲག་གནོན་བྱེད་ཀྱི་མེད་སྐོར། རྒྱ་ནག་ནང་གི་མི་མང་ལ་སྨྲ་བརྗོད་རང་དབང་ཡོད་སྐོར་བརྗོད་ཡོད་ནའང༌། གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྲིད་གཞུང་མགོ་རྟིང་སློག་པ་དང༌། རྒྱལ་ཁབ་ཁ་བྲལ་གྱི་གནད་དོན་རིགས་བཀག་འགོག་བྱེད་ཀྱི་ཡོད་པ་དང༌། རྒྱ་ནག་ནང་ངལ་རྩོལ་བསྒྱུར་བཀོད་ར་བ་༣༢༠ ནང་མི་སྣ་༡༧༠༠༠ ལྷག་ཡོད་སྐོར་ངོས་ལེན་བྱས་ཡོད་པ་རེད།
    སྐབས་དེར་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཁ་ཤས་ཀྱིས་ཁོང་ཁྲོ་ཆེན་པོས། རྒྱ་ནག་ནང་ཆོས་ལུགས་དད་པ་རང་དབང་དང་མི་རིགས་ཀྱི་ཐོབ་ཐང་གསར་འགོད་པར་ཞིབ་བཤེར་གྱི་རང་དབང་མེད་ཚུལ་སོགས་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་པ་དང༌། དེ་བཞིན་གནས་ཚུལ་དབྱེ་ཞིབ་པ་ཚོས་གནས་ཚུལ་སྤེལ་གསལ་ལྟར་ན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་དེ། ཚོགས་ཞུགས་པ་ཚོས་ལུགས་མཐུན་དྲང་བདེན་ཡོང་བར་སྐོམ་པ་ཆུ་འདོད་ལྟར་རེ་སྒུག་བྱས་ཡོད་ཀྱང༌། དེ་ནི་འཁྱོག་བཤད་དང་དངོས་ཡོད་གནས་ཚུལ་གྱི་རྒྱ་ལས་བརྒལ་བ་ཤ་སྟག་ཡིན་པ་རེད་ཅེས་དང༌། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྟངས་འཛིན་འོག་རྒྱ་ནག་གི་སྙན་ཐོ་ལ་དབྱེ་ཞིབ་ལེགས་པོ་དགོས་ཚུལ་དང༌། རྒྱ་ནག་ནི་མི་ལོ་༢༠ ཡར་སྔོན་ལ་གནམ་སྡེ་སྒོ་མོའི་ཐང་ཆེན་སྟེང་མི་གསོད་ཁྲག་སྦྱོར་བྱུང་མྱོང་བའི་སྐབས་ལྟར། ད་དུང་ཡང་ཆབ་སྲིད་དང་སྨྲ་བརྗོད། གསར་འགོད་སོགས་ལ་རང་དབང་སྤུ་ཙམ་ཡང་མེད་སྐོར་བརྗོད་པའི་གནས་ཚུལ་སོགས་གསར་ལམ་ཁག་ནས་བརྒྱུད་བསྒྲགས་བྱས་ཡོད་པ་རེད།
    ས་གནས་དེའི་བོད་རིགས་མི་མང་ཚོགས་པ་དང༌། སུད་སི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་གྱི་ངོ་རྒོལ་ལས་འགུལ་ཡང་སྤེལ་ཡོད་པ་རེད།།