བཀླག་མི་འདོད་པའི་རྩོམ་རིག་ཁྱུ་ཞིག
ང་རང་ཉིད་ལ་མཚོན་ན། རྩོམ་ཡིག་འབྲི་རྒྱུ་དང་བཀླག་རྒྱུར་ཧ་ཅང་དགའ་བ་མ་ཟད་དག་ནོར་ལ་བལྟ་རྟོག་བྱེད་རྒྱུ་ནི་རང་གི་ལས་འགན་དུ་བརྩིས་ཏེ། བོད་རྩོམ་གང་བཀླགས་ཀྱང་ཆེས་ཐོག་མར་དག་ནོར་འདུག་མིན་དང་དེ་ནས་སྙན་ཆ་དང་ནང་དོན་ལ་ལྟ་བཞིན་ཡོད། དེ་ལྟར་ཡང་ ཁྱོད་ལ་དགོས་ན་འདི་ཡིན་ཟེར་བ་ལྟར་དེང་སང་ངའི་མཐོང་བའི་ཚགས་ཤོགས་མང་པོ་ཞིག་གི་ནང་དུ་དག་ནོར་དང་། གྲོང་སྐད་ད་དུང་དུས་གསུམ་གོ་ལྡོག་གི་སྐད་སོགས་མཐོང་རྒྱུ་མང་དྲག་པས་ངའི་འདྲེན་བྱེད་ཀྱི་དབང་པོ་ལ་ངལ་བ་དང་ཡ་ཆུང་གི་སེམས་ལ་ངང་འཚབ་ཀྱི་ཆུ་འཛིན་འཁྲིགས་སུ་བཅུག་བྱུང་། རྒྱལ་བའི་འཁྲུངས་སྐར་ཀྱི་ཉིན་མོར་ང་དང་སློབ་གྲོགས་ཁྱུ་ཞིག་རྡ་སར་བསྐྱོད་ཞོར་ལ་ཚགས་ཤོག་འདྲ་མིན་འགའ་ཉོས་ཏེ་ཀློག་སྐབས།
ཨོ། ང་ལ་ཉོབ་སྣང་སྟེར་བའི་དོན་དག་གསུམ་ཐུབ་བྱུང་། དེ་ཡང་རྩོམ་པ་པོའི་དངོས་མིང་མེད་པ་དང་གཅིག །གྲོང་སྐད་དམ་ཁ་སྐད་མང་དྲག་པ་དང་གཉིས། ཁ་ཐོར་གྱི་རྣམ་པ་གསལ་པ་དང་གསུམ། གནད་དོན་དེ་གསུམ་གྱིས་དངོས་གནས་བོད་བྱེས་པ་ཚང་ལ་ཡོད་པའི་སྨྱུག་ཐོག་པ་ཚོའི་གདོང་རིས་དེ་མཐོང་ཡོང་གི། ཨོ། བསླར་ཡང་ང་ལ་ཉོབ་སྨན་གཅིག་ཐུབ་བྱུང་། དེ་ནི་འཁྲུངས་སྐར་རྗེས་ཀྱི་ཉིན་མ་ཞིག་ལ་ངའི་ཤག་གི་སྒོ་བརྡུངས་བྱུང་བ་དེ་ནི་། སྤྱི་ཚོགས་མེ་ལོང་ཚོང་མཁན་ཞིག་རེད་འདུག་ལ། ཁོང་གིས་ངས་ནམ་རྒྱུན་ལྟར་ཉོ་ཡི་ཡོད་ཤག་གི་བསམ་བློ་དེར་ངས་ཁ་ལོ་བསྒྱུར་ཐབས་བྲལ་བས་ཡང་བསྐྱར་གཅིག་ཉོས་པ་ཡིན། དེའི་ནང་གངས་དཀར་རྒྱལ་སྲས་ཀྱིས་གླུ་པ་གྲགས་ཅན་འཇམ་དབྱངས་བཀྲིས་ལ་བཅའ་འདྲི་ཞུས་པའི་གནས་ཚུལ་ཉུང་ཉུང་ཞིག་འདུག་ཀྱང་། དག་ནོར་དང་གྲོང་སྐད་ཀྱིས་ཁེངས་འདུག་པས་ང་ལ་ཧ་ཅང་བློ་ཕམ་བྱུང་བ་དེ་ནི་སྤྱིར་བཏང་གི་མི་གིས་ཞིག་བྲིས་པ་མ་རེད། སློབ་ཕྲུག་ཆུང་ཆུང་ཞིག་གིས་བྲིས་པ་ཡང་མ་རེད། བཙན་བྱོལ་ནང་གི་རྩོམ་པ་པོ་དང་གཞས་པ་གྲགས་ཅན་ཡིན་ཟེར་མཁན་གཉིས་ཀྱིས་རང་གི་སྐད་ཡིག་ལ་དུང་བའི་གདོང་རིས་མངོན་པ་རེད། ཁོང་ཚོ་ལྟ་བུས་རང་གི་སྐད་ཡིག་ལ་འགན་ཁུར་འདི་མ་གཏོགས་འཁྱེར་གྱིས་མེད་ན་གཞན་རྣམས་བཤད་ཅི་དགོས། དག་ནོར་དཔེར་ན། དངུལ་མང་པོ་ཕྱིན་སོང་འབྲི་ས་ལ། འགྲོ་སོང་། གྲོང་སྐད་ཡོད་ཀི་ལྟ་བུ་རེད་དེ་དག་དཔེར་མཚོན་ཙམ་དུ་བཀོད་པ་ལས་ཡོད་ཚད་བཀོད་པའི་དུས་ཚོད་མི་འདུག མཐའ་དོན། བོད་རིགས་སྨྱུག་ཐོག་པ་ཡོངས་ཀྱིས་དོན་དངོས་དང་སྤྱི་དོན་སེམས་སུ་འཛིན་པ་ལས་གྲགས་པ་དོན་གཉེར་དང་ཧོར་རྒྱུགས་ཀྱི་ལས་ལ་མི་འཇུག་པར་འཚལ།
མཆན། དེ་ནི་བཙན་བྱོལ་བའི་ཚགས་ཤོག་གྲགས་ཅན་ཞིག་དཔེར་མཚོན་དུ་སྨྲས་པ་ལས་ཁྱེད་ལ་སྡང་བས་མིན་པས་ཤེས་པར་བགྱི།