ཡར་ཞུ་རྟ་རིན་མ། ཧཧཧཧཧ
མཐུན་སྒྲིལ་གཏོར་བའི་བསྟི་གནས་གཙོ་བོ། །ཤེས་ཡོན་མེད་པའི་མདོ་མེད་མུ་དང་། །
ཆོས་ལམ་མ་སོང་ཆོས་པ་ཁག་དང་། །སྒེར་གཅོད་ཅན་གྱི་མི་ལས་བྱུང་བའོ། །
སེམས་པ་དོགས་པས་མ་སླད་ཡིད་ཆེས་ཀྱིས། །
ནང་ཁུལ་ཕྲག་དོག་མ་མཛན་མཐུམ་པོ་མཛོད། །
དགྲ་དང་གཉེན་གཉིས་མ་ནོར་ཁ་ཁ་ཕྱེ། །
ནང་ཁུལ་མཁྲེགས་འཛིན་ལྟ་བ་རིང་དུ་ཐོངས། །
ཕྱོགས་ཞེན་དུག་གི་འདུ་ཤེས་རྩད་ནས་ཆོད། །
སྤུན་ཟླའི་སྐྱིད་སྡུག་རིང་མོར་ཐུགས་བསམ་བཞེས། །
ནང་ཁུལ་འགྲིག་མིན་ཆུང་ཙག་གཏིང་བརྗེད་ཀྱིས། །
ཁྲེལ་མེད་འུར་གཏམ་ཙམ་གྱི་རྗེས་མ་འབྲང་། །
ཤ་ཚ་སྙིང་རྗེ་ཡོད་ན་བོད་དོན་སོམ། །
ལ་རྒྱའི་འདུ་ཤེས་ཡོད་ན་བོད་དོན་བསྒྲུབ། །
ཁོག་ལ་སེམས་པ་ཡོད་ན་བག་ཡོད་མཛོད། །
སྤུན་ཟླའི་སྤུན་ཟླ་མ་བརྗེད་མཐུན་སྒྲིལ་གྱིས། །
ར་མ་ལུག་གི་སྤྱོད་པ་རྩྭ་ལྟར་དོར། །
ཕ་མེས་ཆོས་དང་རིག་གཞུང་དར་སྤེལ་གྱིས། །
ཨ་གསར་གཡམ་རྒྱུག་རིགས་ལ་མ་གཡེང་ཀྱཻ། །
རང་ཤ་བཅད་ནས་ཁྱི་སྔུན་མ་གཡུག་བུ། །
གངས་རིའི་བླ་སྲོག་འཛིན་ལ་མ་སྡང་བོད། །
བོད་དང་བོད་མིར་ཞེན་པ་མ་ལྷོད་ཅིག ། །
རང་སྡེ་མཐུན་ལམ་གཏོར་ལ་མ་བྲེལ་ཅིག །
རིག་གཞུང་གཏོར་རྒོལ་ཆེད་དུ་ལས་མ་གཞོལ། །
གནའ་དེང་ཆོས་སྲིད་དཔལ་རྣམས་འགལ་མེད་བཟུང་། །
བོད་ལ་གཉན་འཕྲང་ཆེ་བ་གཟིགས་ཤེས་ཀྱིས། །
རང་ས་ཁུག་ཁུག་ནང་དུ་མགོ་མ་འཐོམས། །
མི་རྒྱང་ཡངས་པོ་ཕྱེ་སྟེ་སེམས་རྒྱ་སྐྱེད། །
རྣམ་རིག་གྲུང་གྲུང་བྱས་ནས་སྤྱི་སེམས་བཟུང་། །
འཛམ་གླིང་ཧྲིལ་པོའི་ཐོབ་དབང་གང་ཡིན་ལྟོས། །
དོན་མེད་གཞན་གྱི་འོག་ཏུ་མགོ་མ་བསྒུར། །
གཡོ་སྒྱུ་ཁྲམ་གསུམ་ཅན་ལ་བློ་མ་གཏད། །
མཁས་བླུན་འཛངས་པའི་ངག་ལ་ཡང་ཡང་ཉོན། །
དཔྱོད་ཤེས་རིག་པ་རྣོན་པོའི་མཐུ་རྩལ་སྦྱོང་། །
བློ་དང་རིག་པ་མ་ནོར་དྲང་པོ་གྱིས། །
ས་ཆ་གང་དུ་སོང་ཡང་རང་ཚུགས་བཟུང་། །
གྱོད་དང་ཕམ་ཁ་མ་ཁུར་མགོ་བོ་ཁྱོག །
ས་རྩོད་ཆུ་རྩོད་མ་རྒྱག་ནང་སྒྲིག་གྱིས། །
ས་རྐོ་རྡོ་བསློག་རིགས་རྣམས་མཚམས་འཇོག་མཛོད། །
གཞན་མིའི་སྔོག་གི་འདུག་ན་ཡར་ཞུ་ཕུལ། །
འཛམ་གླིང་དག་ཞིང་བོད་འདི་སྲུང་སྐྱོབས་དགོས། །
རང་ཡུལ་གཅིག་པུ་མ་བསམ་འཛམ་གླིང་སོམ། །
མཐོ་སྒང་བོད་འདི་འཛམ་གླིང་ནོར་བུ་ཡིན། །
རིན་ཐང་འདི་ཉིད་རང་གར་མི་ཤེས་ཡང་། །
རིག་སྨྲའི་ངག་ལ་སྒུག་དང་ལྷང་ལྷང་ཐོས། །
ཁ་བའི་ལ་རྒྱ་འཛིན་ལ་དཔའ་མ་ཞུམ། །
ཞི་བདེ་སེམས་ཀྱི་རང་མདངས་ཡལ་མ་བཅུག །
ནང་བསྟན་སློབ་གཉེར་ཉམས་ལེན་དུས་ཀུན་དགོས། །
འཛམ་གླིང་སེམས་ཀྱི་སྨན་མཆོག་འདི་ལས་མེད། ། །
འདི་ཉིད་བྷོ་ཊའི་ལྗོངས་ལས་གཞན་ན་མེད། །
དེ་ལྟར་བསམ་བཞིན་གངས་ཅན་ཆག་འཇིག་ལ། །
དུས་དང་རྣམ་པ་ཀུན་ཏུ་སྲུང་སྐྱོབས་དགོས། །
མདོར་ན་ཁ་བ་ཅན་རྣམས་མཐུན་པོའི་ངང་། །
གཏན་དུ་ཞི་བདེའི་དཔལ་ལ་རོལ་གྱུར་ཅིག །
ཧོར་བྷས་སོ།།
