སྨིན་པའི་བསམ་བློ།

སེར་ཤུལ་རིན་ཆེན་དོན་གྲུབ།

rinchen dundupམདོ་ཁམས་འཇང་དགུན་ཆོས་གོ་སྒྲིག་ཚོགས་པས་གོ་སྒྲིག་འོག་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་དགུ་བ་འཚོགས་བཞིན་པར་ལྟ་བ།

ངས་ལན་མང་པོར་བསམ་བློ་ཡར་རྒྱས་དང་སྤྱི་ཚོགས་ཡར་རྒྱས། ད་དུང་དགོན་སྡེ་ཡར་རྒྱས་སོགས་གླེང་མྱོང་། ངས་འདི་དག་གླེང་སྐབས་ཀྱི་བསམ་བློའི་གཞི་འཛིན་ས་ནི་ཆོས་དང་། འཇིག་རྟེན་གྱི་ཡང་དག་པའི་བྱ་བཞག་དག་ལ་མཆོག་ཏུ་གྱུར་བའི་ལམ་སྟོན་གནང་མཁན་གྱི་ཆོས་ཀྱི་སློབ་དཔོན་དང་མི་ཆོས་སྨྲ་བ་དག་གི་བསམ་བློ་དང་།

འགྲོ་བ་མིའི་དགོས་མཁོའི་རང་བཞིན་གྱི་ཆོས་ཉིད་ལ་ཉེ་བའི་བསམ་ཕྱོགས་དག་ཡིན། འོན་ཏེ་ངས་རེ་བ་དང་ངང་སྒུག་བྱས་པའི་བསམ་བློ་དེ་ནི་སྐད་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་དང་། ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དག་གི་སྒོ་ཆེན་ནས་མ་ཡོང་གོང་ས་ཆ་ཆུང་ཆུང་དང་། དགོན་སྡེ་ཆུང་ཆུང་། སློབ་ཁང་ཆུང་ཆུང་དག་གི་སྒོ་ཆེན་ནས་ཡོང་སོང་། དེང་གི་ཆར་མདོ་ཁམས་འཇང་དགུན་ཆོས་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་འོག་གངས་ལྗོངས་མཁས་པའི་བགྲོ་གླེང་ཐེངས་དགུ་བ་འཚོག་བཞིན་པ་དང་། དེ་ནི་དུས་ཀྱི་དགོས་མཁོ་དང་བསམ་བློའི་གུ་ཡངས་ཀྱི་རྣམ་པ་མངོན་པར་གསལ་བའི་མཁས་པའི་བགྲོ་གླེང་ཞིག་ཆགས་འདུག དུས་ཀྱི་དགོས་མཁོ་དང་ཇི་ལྟར་འཚམ་པ་ནི། དུས་ཚོད་འདིར་མི་ཆོས་དང་ལྷ་ཆོས་བར་གྱི་བགྲོ་གླེང་རྣོ་ངར་ཅན་དུ་འགྱུར་བའི་སྐབས་ཡིན་པ་དང་། དུས་སྐབས་འདི་འདྲར་དགོས་པ་ནི་ཕན་ཚུན་དོགས་འདྲི་དང་ལན་འདེབས་ཀྱི་ཐབས་ལམ་བརྒྱུད་དེ་གཞུང་ལུགས་ཕན་ཚུན་དང་། ལྟ་གྲུབ་ཕན་ཚུན། བསམ་ཕྱོགས་ཕན་ཚུན་བར་དུ་ལེགས་ཕྱོགས་སྤེལ་རེས་དང་། མཐའ་མཇུག་གི་དམིགས་ཡུལ་གཅིག་སྟེ་འགྲོ་བ་མིའི་དགོས་མཁོའི་བྱ་བཞག་དང་བོད་མི་རིགས་ཀྱི་དགེ་མཚན་ལེགས་སྐྱེད་ལ་ནུས་ཤུགས་འདོན་རྒྱུ་དེ་རེད།

 

གོ་ཐོས་ལྟར་ན་བགྲོ་གླེང་འདིར་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ནང་རིག་པའི་གཞུང་ལུགས་ལ་མཁྱེན་རྒྱ་ཟབ་པའི་དགེ་བའི་བཤེས་གཉེན་དང་། དོན་དམ་པའི་སློབ་དཔོན་གང་མང་ཞིག་མཉམ་ཞུགས་བྱས་ཡོད་པ་མ་ཟད། དེ་སྔོན་གྲྭ་པ་མི་མ་རེད་ཅེས་བརྗོད་མྱོང་བའི་རྩོམ་པོ་འཇམ་དབྱངས་སྐྱིད་དང་། དེ་བཞིན་རྩོམ་པ་པོ་གཅན་མེ་སྟག ཀན་སུའུ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་སོགས་མི་སྐྱའི་སྡེ་ཁག་ནས་ཤེས་ཡོན་ཅན་དང་། བསམ་བློ་བ་གང་མང་མཉམ་ཞུགས་བྱས་ཡོད་པ་མ་ཟད། བརྗོད་གཞི་འདིར་དོ་སྣང་དང་མོས་པ་ཡོད་པའི་སྐྱ་སེར་གང་མང་ལ་མཉམ་ཞུགས་ཀྱི་སྡིངས་ཆ་བསྐྲུན་ཡོད་འདུག ད་དུང་ཕྱི་ནང་རིག་གནས་ཀུན་ལ་མཁས་པ་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་དང་། མི་ཆོས་སྨྲ་བ་སྐུ་ཞབས་ཞོགས་དུང་། ཚ་བ་མདའ་སྨྱུག་སོགས་ཀྱང་གདན་ཞུས་བྱས་ཡོད་ཀྱང་ཕེབས་མེད་པའི་གནས་ཚུལ་འདུག སྔོན་གྱི་ལུགས་སྲོལ་ལམ་རྒྱུན་འཇག་གི་བསམ་བློའི་འཁོར་ཕྱོགས་ལྟར་ནང་རིག་པའི་གཞུང་ལུགས་བགྲོ་གླེང་གི་སྐབས་དང་དུས་དག་ཏུ་སེར་མོ་བ་གཅིག་པུ་ཡིན་དགོས་པའི་གུ་དོགས་ཀྱི་བསམ་བློའི་ར་བ་ལས་བརྒལ་ཏེ། ཆོས་དང་ཆོས་ཀྱི་གཞུང་ལུགས་ལ་ལྡོག་ཕྱོགས་ཀྱི་ལྟར་ཚུལ་ཅན་གྱི་སྐྱ་བོའི་རིགས་ཀྱི་རྩོམ་པ་པོ་དང་ཤེས་ཡོན་ཅན་སོགས་ལ་འདྲེ་དང་གདོན་དུ་བརྩིས་ནས་རྒྱང་ཐག་རིང་དུ་མ་བཏང་བར། གུ་ཡངས་དང་བརྩི་འཇོག་གིས་ཆེད་དུ་གདན་ཞུས་ཀྱིས་བགྲོ་གླེང་གི་སྡིངས་ཆར་མཉམ་འཛོམས་བྱུང་བ་ནི་གུ་ཡངས་དང་དཔྱོད་ཤེས་ཀྱི་བསམ་བློ་མཆོག་ཏུ་གྱུར་བ་ཞིག་རེད།

བགྲོ་གླེང་གི་བརྗོད་གཞི་ཡང་གཙོ་བོ་ནང་བའི་བསམ་བློ་དང་སྤྱི་ཚོགས་བསམ་བློ་སོགས་ཀྱི་སྐོར་ལ་གུ་ཡངས་དང་རིག་པའི་རྩལ་འགྲན་གྱི་བགྲོ་གླེང་ལྷུག་པོར་གནང་བཞིན་ཡོད་འདུག རེད་ཡ། འདི་ལྟ་བུའི་གུ་ཡངས་དང་། རིས་མེད་ཀྱི་བགྲོ་གླེང་དག་གིས་མིའི་རིགས་ཀྱི་བསམ་བློར་ཕན་རླབས་ངེས་ཅན་འབྱུང་ངེས་པ་དང་། དེ་མཚུངས་མི་ཆོས་དང་ལྷ་ཆོས་བར་གྱི་གོ་ལོག་དང་། གཞི་རྩའི་དམིགས་ཡུལ་གཅིག་པའི་བརྡ་དོན་ངོ་འཕྲོད་ཀྱིས་ཤེས་ཡོན་པའི་སྡེ་ནས་མཐུན་སྒྲིལ་གྱི་སྐྱ་རེངས་ཤིག་ཤར་བའི་མངོན་རྟགས་ཀྱང་མཐོང་ངོ་།། བསམ་བློ་གལ་ཆེ་བའི་རང་བཞིན་གླེང་སྐབས་ཆེན་པོ་དང་མཁྲེགས་པོ་ཆེས་མང་པོ་ཞིག་གིས་མི་འདོད་པའི་རྣམ་འགྱུར་དང་ཐ་ན་སྒེར་གྱི་འཚོ་གནས་ཁ་ཕྱོགས་ལའང་བསྙོན་འཛུགས་བྱེད་མྱོང་ལ་བྱེད་བཞིན་པ་ལགས་མོད། དེ་ལྟར་ཡང་། དགོན་སྡེ་གྲྭ་ཚང་དང་། མི་སྡེ་འཚོ་ཁག ལྷག་པར་དུ་ཤེས་ཡོན་སློབ་སྦྱོང་གི་སྡེ་ཁག་གལ་ཆེན་དག་ཏུ་འདི་ལྟ་བུའི་གུ་ཡངས་དང་བསམ་བློ། མིའི་སྤྱི་ཚོགས་ཀྱི་ཆེ་མཐོང་དང་གདེང་འཇོག་ཡོད་པའམ་ཐ་ན་རང་ཉིད་སྤྱི་ཚོགས་ཀྱི་རྗེས་སུ་མ་ལུས་པ་ཞིག་བྱ་དགོས་པ་དང་། དེ་ཡང་དུས་བསྟུན་རང་བཞིན་གྱི་ལམ་ཁ་ནས་བགྲོད་དགོས་པའི་བདག་གི་བསམ་ཚུལ་འདི་ནི་བདེན་པའི་དཔངས་མཐོ་ཞིང་གནས་ལུགས་ཀྱིས་འོད་མཆེད་དེ་དུས་ཀྱིས་གསལ་སྟོན་བྱེད་བཞིན་འདུག་པས། ད་སྐབས་བདག་གིས་སླར་ཡང་བསམ་བློ་འདི་སྒོ་ཀུན་ནས་དར་དགོས་ལ་འབར་དགོས་པའི་བསྒྲགས་གཏམ་ཐེངས་གཅིག་སྤེལ་བ་ཡིན།

ང་ཚོས་དུས་དང་དུས་སུ་རིག་གནས་སློབ་གསོའི་གལ་ཆེའི་རང་བཞིན་གྱི་སྙིང་དོན་ལ་ཞིབ་དཔྱོད་དང་། ཆེས་མ་ཐ་ཡང་རང་དང་རང་གི་ཁོར་ཡུག་ལ་གནས་བབ་ཀྱི་འགན་འཁྲི་ཁུར་བ་དང་ལྷན་དུ་སྤྱི་ཚོགས་ཀྱི་རྗེས་སུ་མ་ལུས་པ་བྱ་དགོས་པ་ནི་དེང་གི་ཆར་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་དང་། རིག་གནས་གང་ཞིག་དང་། རིག་གཞུང་གང་ཞིག སྔོན་བྱུང་གང་ཞིག ཡང་ན་ལུགས་སྲོལ་གང་ཞིག་ཙམ་ལ་ཞེན་བ་ཨ་འཐས་སུ་འཆེལ་བའི་བསམ་ཕྱོགས་འདིས་ཕྱོགས་ངོས་གཞན་ཞིག་ནས་རང་ཉིད་དང་རང་གི་ཁོར་ཡུག་སྤྱི་ཚོགས་དང་མིའི་བསམ་སྤྱོད་ཀྱི་ཕྱི་རོལ་ཏུ་འབུད་བཞིན་པ་དང་། དེའི་འབྲས་བུར་འཇིག་ཉེན་ཞེས་པའི་ཐ་སྙད་བརྗིད་པོ་ཞིག་ང་ཚོའི་མགོ་ལ་འབབ་བཞིན་པ་ཤེས་དགོས། དེར་བརྟེན་ང་ཚོ་ཚང་མས་བསམ་བློ་འདི་ལྟ་བུ་དང་། གསར་གཏོད་འདི་ལྟ་བུར་ཆེ་མཐོང་དང་གདེང་འཇོག་གིས་ལེགས་བཤད་མཁས་བླུན་མཐའ་དག་ལས་མཁས་པའི་རྣམ་དཔྱོད་ཅན་དག་གིས་ཡོངས་སུ་ལེན་པའི་རྣམ་ཐར་བསྐྱང་བར་རིགས་ཀྱི་ང་ནི་ཆེ་ཞིང་ཁོང་ཚོ་ནི་ཆུང་བས་སོ།། དེའི་ཕྱིར་ང་ཚོའི་བསམ་པ་དང་བྱས་པ་ཐམས་ཅད་ལེགས་དང་མཆོག་ཡིན་ལ། ཁོང་ཚོས་བྱས་པ་དང་བསམ་པ་ཐམས་ཅད་ཐ་ཆད་དོ་སྙམ་པའི་ང་རྒྱལ་མགོ་བོ་དུད་དེ་མདུན་སྐྱོད་ཀྱི་འོད་སྣང་སྤྲོ་བར་རིགས་སོ།། །། ༢༠༡༢/༧/༢༣ལ་བྲིས།