། །རྡོར་སེམས་སྒྲུབ་མཆོད་སྐབས་ཀྱི་ཚོར་སྣང་། །

ཀ་དག་རྡོར་སེམས་སྒྲུབ་པའི་ཚོགས་མཆོད་ལ། ཁ་དམར་མིག་སྔོ་འགོ་སེར་མང་དུ་འཛོམས།  ག་ལེར་འདོན་དབྱངས་རོལ་མོའི་ཐུན་འཚམས་སུ། ང་ཡི་སྤྱན་མིག་ཁྲི་མདུན་མཛེས་མས་འཕྲོགས།།

ཅ་ཅོ་འུར་ཟིང་སྐྱ་འཚོགས་སྒྲུབ་ཆེན་ལ།  ཆ་རྒྱུས་མེད་པའི་མི་རིགས་དུ་མ་འཛོམས།  ཇ་མཆོད་ཐུན་མཆོད་བཏང་སྲོལ་མེད་ན་ཡང་།  ཉ་ཉོག་ཁྱོ་ཤུག་གྲལ་བཞུགས་མཚར་མོ་བྱུང་།། ཏ་ཐཱ་ག་ཏའི་ཟབ་གསང་སྙིང་པོའི་བཅུད།  ཐ་མར་ཕྱི་གླིང་ཡུལ་གྲུར་རྩེད་མོར་སྤྱད།  ད་ལྟའི་ཆོས་བཙོང་ཆོས་པའི་ལུགས་སྲོལ་འདིས། །ན་ཆུང་བདག་ལ་ཚོར་སྣང་གཟན་པོ་སྤྲད །། པ་སངས་ཁྱུ་མཆོག་བཞིན་དུ་མིག་བསྒྱུར་བའི། ཕ་རྒན་འགོ་སེར་ཁ་འདོན་མི་ཤེས་མཁན།  བ་མཆོག་འོ་མ་ལྟ་བུར་ཞི་དུལ་མདོག །  མ་རྒན་བཞིན་མཛེས་ཀུན་ལ་བླ་མར་འབོད།། ཙ་ར་སྤྲུལ་བཟོས་སྒོར་མོས་གཞན་བསླུས་ཏེ།  ཚ་ཚོམ་མེད་པར་ཁྲིར་འགྱིང་མིག་བསྒྱུར་ཡང་། ཛ་ཡས་བསྟན་པ་བཤིགས་པའི་བྱ་ངན་འདི།  ཝ་སྐྱེས་ང་ཚོའི་ལས་ངན་ཁ་སྣོན་འདྲ།། ཞ་མོ་རྫུན་བཟོས་མགོ་ལ་རྭ་བཞིན་བཙུགས།  ཟ་འདོད་ཁོག་ལ་སྒོར་མོའི་དཀྱིལ་འཁོར་བྲིས།  འ་འུར་བསྐྱེད་རྫོགས་གདེང་བྲལ་སྒོར་སྒྲུབ་མཆོད།  ཡ་ཁོག་གཏིང་ནས་བདེ་ཉམས་ཞིག་མ་བྱུང་།། ར་སྐད་ལུག་སྐད་གོ་བརྡ་འཕྲོད་ཙམ་གྱིས།  ལ་མོར་ཟབ་གསང་སྙིང་པོར་དྲིལ་མདོག་དེ།  ཤ་ཚ་སྙིང་རྗེ་ཅན་གྱི་སྤྱོད་ལམ་ལས།  ས་ཐག་རྒྱང་གྲགས་མང་པོས་བཅད་པ་མཐོང་།། ཧ་ཅང་སྐྱིད་པའི་རང་དབང་ལུང་པ་འདིར།  ཨ་ཇོ་བོད་བླས་མི་ལེགས་བྱ་སྤྱོད་འགའ།  ཧ་ལམ་ཙམ་བརྗོད་སྨྲེ་སྔགས་ཀ་བཤད་འདི། ཨ་ཕོ་རང་གིས་རང་མཚུངས་མཐོང་ནས་བྲིས།། ཅེས་ཟླ་༣ཚེས་༢༥སྤྱི་ལོ་༢༠༠༣ ལོར་སན་ཧྥན་སིག་སི་ཁོའི་རྡོར་སེམས་སྒྲུབ་མཆོད་སྐབས་སུ་བྲིས་པའོ།།