དངོས་ཡོད་ཀྱི་སྤྱི་ཚོགས་གླེང་བ།
བསམ་གཏན་རྒྱ་མཚོ། ས་ཪཱ།
རྩོམ་ཐུང་འདི་ཀློག་མཁན་རྣམ་པའི་ཡིད་ཀྱི་བརྟན་པ་ཕྲོགས་ཤིང་འགུག་པའི་སྒྱུ་རྩལ་གྱི་ཆ་གང་ཡང་ལྡན་མེད། འོན་ཀྱང་དོན་ལ་སོམས་དང་བླང་བྱ་ཞིག་མེད་པ་མིན།
རྒྱལ་ཁབ་དང་མི་རིགས་ཤིག་ལ་མཚོན་ན་དགེ་རྒན་ནི་མུན་ཀློང་འཇོམས་པའི་སྒྲོན་མེ་ལྟ་བུར་གྱུར་ཡོད་ཅེས་པའི་གཏམ་ལ་རྩོད་གླེང་མེད་པར་ཚང་མའི་སེམས་སུ་འདོད་ངེས་ཡིན་པར་སོམ་ཉིའི་དྲ་བར་ལྷུང་དགོས་པ་མེད་མོད། འོན་ཀྱང་དོན་དངོས་ཐོག་དུས་རབས་ཀྱི་འཁོར་འགྲོས་དང་བསྟུན་ནས་རྟོག་དཔྱོད་སད་སུད་ཙམ་ཞིག་བྱས་ན་དེ་ལྟར་ཡིན་པའི་ངེས་པ་རྩ་བ་ནས་མེད་ལ། ལྷག་པར་ཁ་འཇམ་ངོ་དགའ་དང་། སྤྲེལ་ལད། ཁ་ཡག་གཡོ་སྒྱུ་འབའ་ཞིག་གིས་མི་ཚེ་འཁྱོལ་ཐབས་ལ་བརྩོན་བཞིན་པའི་ད་ལྟའི་དུས་རབས་འདི་ལ་མཚོན་ན། ཞལ་ལྕེ་གཡོ་རྩལ་བྱང་བ་ལ་ནི་བདག་པས་གཞན་གཅེས་དང་༸རྒྱལ་བའི་བཀའ་དགོངས་བསྒྲུབ་དགོས་པའི་སྐོར་བསྐྱར་བཤད་ཡང་བཤད་བྱེད་པ་ཙམ་དུ་མ་ཟད། བསྐལ་པ་ཡ་ཐོག་ནས་ཚད་མའི་སྐྱེས་བུ་དག་གིས་གནང་བའི་གདམས་ངག་དེ་དག་ད་ལྟའི་དུས་འདིར་ལུང་འདྲེན་ཆུ་བུར་བརྡོལ་བརྡོལ་བྱས་དང་བྱེད་བཞིན་འདུག
སྐད་ཆ་འདྲ་ཆགས་པོ་དེ་འདྲ་བཤད་མཁན་གྱི་གང་ཟག་ཆེ་གེ་མོའི་ལག་ལེན་གྱི་རིམ་པར་བལྟས་ན་དེ་དག་ཆ་ཚང་ཁ་བཤད་ཆུ་ཡི་ལྦུ་བ་སྟེ། ༸སྐྱབས་མགོན་རྒྱལ་བའི་དབང་པོའི་མིང་ཐོག་ནས་བཙུགས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་མང་དག་ཅིག་གིས། ཉེར་མཁོའི་ལས་མི་འདེམས་སྐབས་ལེགས་ཉེས་དབྱེ་འབྱེད་ལས་ཕྱོགས་ཞེན་འཐེན་འཁྱེར་སོགས་ཀྱིས་འདེམས་རྒྱུར་རློམ་མཁན་ནི། རིང་ན་གནམ་གྱི་འོག་དང་ཉེ་ན་མིག་གི་མདུན་སར་ཡོད། ལྷག་པར་དུ་སྤྱི་དོན་ཁེ་དབང་ལས་སྒེར་དོན་ཁེ་དབང་གཙིགས་སུ་འཛིན་མཁན་ནི་ད་ལྟའི་དུས་ལ་ཆར་ཤུལ་གྱི་ཤ་མོང་ལྟར་རེད། ད་དུང་དེ་དག་གི་ཁྲོད་ནས་མི་ཉུང་བ་ཞིག་ལ་སྤྱི་ཚོགས་རྙིང་པའི་བག་ཆགས་སྟུག་པོས་བསྒྲིབས་ཐག་ཆོད་ནས་གླང་རྒན་ལྟ་བུའི་འགྱིང་ཉམས་དང་། བྱི་བ་ལྟ་བུའི་བློ་ཁོག་འདི་ངོམ་ངོམ་འཕྱར་འཕྱར་བྱེད་རྒྱུ་ལས་གཞན་གང་ཡང་མི་འཇོན་ཚོད་རེད།
ཅིས་ཀྱང་མཁྱེན་དགོས་པ་ནི་ད་ལྟའི་དུས་ལ་ཝ་མོས་སེང་པགས་གྱོན་པའི་ཆག་གཏམ་རྒྱགས་གཏམ་འབའ་ཞིག་གིས་ལས་སྣེ་འཛིན་པའི་དུས་ཤིག་མིན་ལ། ཀླད་རྙིང་མཁྲེགས་འཛིན་གྱིས་རང་དགར་འཐེན་འཁྱེར་ཀར་ཀོར་གྱིས་རྐུབ་སྟེགས་བཟུང་ནས་དགའ་བདེའི་དཔལ་ལ་རོལ་བའི་དུས་སྐབས་ཤིག་དེ་བས་ཀྱང་ག་ལ་ཡིན། གཏམ་བཟང་གི་ངོས་ནས་བཤད་ན་ད་ལྟའི་དུས་ལ་ཡིག་རྨོངས་ཀྱི་དཀའ་ཁག་དེ་ཙམ་མེད་མོད། འོན་ཀྱང་ཆོས་དེ་ཉིད་ལ་མཁས་པའི་སྐྱེས་བུ་ནི་དཀོན་དྲགས་འདུག་ཅེས་མགྲིན་པ་བརྣངས་བརྣངས་ཀྱིས་གདས་ན་ཅུང་ཟད་ཐལ་དྲགས་ཡོད་ནའང་། གཉན་འཕྲང་ཆེ་བའི་ད་ལྟའི་དུས་ལ་འོས་ཤིང་འཚམ་པའི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ནི་ཆེས་ཉུང་ཤས་ཡིན།
མཁྱེན་རྒྱ་ཡངས་ཤིང་གཞུང་སེམས་འགྱུར་མེད་ངང་ལས་གཞོལ་ཆེ་བའི་མི་སྣ་རེ་ཟུང་ཡོད་ཀྱང། དེ་དག་གཉོར་སྐྱོང་བདག་ཉར་བྱ་རྒྱུའི་ཚབ། ཤེས་ཚད་དམའ་ལ་མྱོང་བ་ཞན་པའི་རང་ཉིད་ཀྱི་རྒྱུག་ཁྱིའི་གྲས་སུ་གཏོགས་པའི་དགའ་ཉེ་སྤུན་གཉེན་དང་ལུང་ཚན་གཅིག་པ་བདག་ཉར་བྱ་རྒྱུར་ཁོ་ན་བསམས་ནས་འདུག་པ་ནི། མི་རིགས་དང་རྒྱལ་ཁབ་ཀྱི་ཕན་པ་ལ་འདང་རྒྱག་གི་མེད་པ་གསལ་པོ་གསལ་རྐྱང་རེད། དེ་ལ་བརྟེན་ནས་ད་ལྟའི་དུས་སུ་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་དགེ་རྒན་མང་དག་ཅིག་ནི་དགེ་རྒན་གྱི་མིང་ཙམ་མ་གཏོགས་དམ་པ་དོན་གྱི་དགེ་རྒན་ནི་མཛུབ་རྩེའི་གྲངས་ཀ་ཙམ་ཡིན་ཏེ། གཞི་རིམ་སློབ་གྲྭ་ཙམ་དུ་མ་ཟད། མཐོ་རིམ་སློབ་དཔོན་འགའ་རེ་ལའང་དཔེ་དེབ་རྒྱུན་དུ་ཀློག་རྒྱུའི་གོམས་གཤིས་མེད་པ་དང་། གནས་ཚད་མེད་པ། སློབ་ཁྲིད་ཀྱི་ཉམས་མྱོང་མེད་པའི་དགེ་རྒན་ནི་ཉུང་ངུ་མིན། འཛིན་གྲྭར་བསྐྱོད་སྐབས་གྲ་སྒྲིག་འཐུས་ཚང་མེད་སྟབས་འབྲེལ་མེད་དོན་གཞན་གྱི་འཆལ་གཏམ་ཁོ་ནས་ཚོགས་ཐེངས་ཡོལ་བར་བྱས། སློབ་གཞི་དང་འབྲེལ་བའི་འཕྲོས་བཤད་ཉུང་ངུ་ཞིག་བྱེད་ཁུལ་བྱས་ནའང་དེ་ཡང་ཁུངས་བཙན་མེད་ཁར། བསམ་པའི་དཔལ་ཡོན་གོང་མཐོར་གཏོང་རྒྱུའི་བློ་སྐྱེད་སྤུ་ཉག་ཙམ་ཞིག་མེད་པའི་ལ་གཏམ་ལོང་གཏམ་ཁོ་ནས་རང་གཞན་གཉིས་ཀྱི་རྩ་ཆེའི་དུས་ཚོད་ཆུ་ལ་བསྐྱུར། ད་ལྟའི་སློབ་ཁྲིད་ཐབས་ལམ་འདི་གནའ་བོའི་སྲོལ་རྒྱུན་སློབ་ཁྲིད་བྱེད་སྟངས་དང་ཁྱད་པར་དེ་ཙམ་མེད་དེ། ཚོགས་ཐེངས་གང་པོར་དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་པ་དེ་རེེད།
མང་ཐོས་ལུང་གིས་ཕྱུག་པའི་དགེ་རྒན་ཞིག་ཡིན་ན་སློབ་ཁྲིད་ཐབས་ལམ་འདི་ལས་སློབ་གཉེར་བ་ཚོའི་ཐོས་བསམ་གོང་མཐོར་གཏོང་རྒྱུར་ཕན་པ་ཆེན་པོ་ཡོད་པས་དེ་ལ་མི་དགའ་བ་རྩ་ནས་མེད་མོད། བསམ་རྒྱ་ཐོས་རྒྱའི་མྱུ་གུ་བཞད་བཞིན་པའི་སློབ་གཉེར་བ་ཞིག་མཐོ་སློབ་ཅིག་གི་དགེ་རྒན་ལ་བསྐོས་ན་གྱོང་གུད་ཆེ་བ་སུ་ལ་ཕོག་མིན་ཐད་ཐུགས་བསམ་ནན་གྱིས་བཞེས་དགོས་པ་མིན་ནམ། ཚིག་མཛོད་སྔོག་བཤེར་དང་གཞན་ལ་གོ་བསྡུར་ལོང་ཙམ་ཞིག་བྱས་ནས་མཐོ་སློབ་ཀྱི་དགེ་རྒན་བྱེད་རུང་ན། རྨོངས་རྟུལ་ང་དང་འདྲ་བ་ཚང་མས་འཇོན་ཚོད་རེད་མོད། རང་མེད་གཞན་མེད་བཟོས་ན་འགྲིག་ཐབས་རྩ་བ་ནས་མེད་ཚོད་ཡིན་ནའང་། ད་དུང་ལས་ངན་ཐབས་རྡུག་དེ་འདྲ་བརྩམས་དང་རྩོམ་བཞིན་པའི་མཇུག་འབྲས་ཀྱིས་དེང་སང་ང་ཚོའི་སྤྱི་ཚོགས་འདི་ཁ་ཕྱོགས་གང་འདྲ་ཞིག་ལ་སྐྱོད་བཞིན་འདུག།རང་བློ་གཟུར་གནས་ཤིག་གིས་བལྟས་ན་ཟུར་བལྟས་ལེབ་མཐོང་སྟེ། ཕྱོགས་རིས་ནག་པོ་རྡོག་གིས་སྒྲིལ་བའི་ཁ་རྒོད་ལག་སྟོང་དང་ལོང་བས་ལོང་བར་འཇུས་ནས་ལམ་འཕྲང་དོག་ཅིང་མུན་ཀློང་ཁྲོད་དུ་སྦར་ཉུལ་བྱེད་བཞིན་སྐྱོད་པ་འདི་རེད། དེ་ནི་ང་ཚོ་ཕུང་ལ་སྦྱོར་བའི་བག་ཆགས་སྡུག་ཤོས་ཤིག་ཡིན་ལ། དེ་ནི་སྤྱི་ཚོགས་དང་མི་རིགས་ཡོངས་རྫོགས་རྩ་བརླགས་སུ་གཏོང་བའི་དུས་རོ་སློང་བ་དང་ཨ་ན་མ་ན་རེད།
ཡིད་གཞུངས་སྒམ་ཚུགས་རང་བཞིན་ལྡན་པའི་བཙན་པོའི་གདུང་རྒྱུད་གསར་སྐྱེས་ཚོས། ད་ནས་སྤངས་བླང་འཇུག་ལྡོག་ཇི་བཞིན་མ་འཕྱུག་པར་ཐབས་ཤེས་ཟབ་བརླིང་བརྟན་གསུམ་གྱིས་ང་ཚོ་རྨོངས་པའི་གཉིད་ལས་སད་རན་ཡོད། མ་བརྟགས་གཡམ་རྒྱུག་ཁོ་ནའི་ལམ་ལ་ཕྱིན་སོང་བ་ནི་ཁྱི་རྒན་ཀུ་ཅོ་འདོན་པའི་རྗེས་སུ་བསྙེགས་པ་ཞིག་ཡིན་པར་གོར་མ་ཆག་ལ། མ་གཞི་ནས་སྐུ་ཞབས་རང་གྲོལ་ལགས་ཀྱིས་ཀྱང་མདུན་ཕྱོགས་ཀྱི་བྲག་ངོས་གཟར་པོ་ན་ཆིལ་ཆིལ་དུ་འབབ་པའི་རྦབ་ཆུ་དང་། ཝུ་བའི་རླབས་འཕྲེང་དཀར་ཞིང་དྲི་མ་མེད་པའི་བོད་གངས་ཅན་གྱི་གཞོན་ནུ་ཞེས་སྙན་འཇེབས་ལྷག་པར་ལྡན་པའི་སྙན་ངག་འདི། སྟོང་པ་མཁའ་ལ་སེམས་ཀྱིས་རོལ་མྱོང་བྱས་པ་ཙམ་མིན་པར་དོན་དངོས་འཚོ་བའི་ཁྲོད་དུ་ལག་བསྟར་བྱེད་དགོས་པའི་ཕུགས་བསམ་ཅན་གྱི་རྩོམ་ཡིག་ཅིག་མ་མིན་ནམ།
མཐའ་དོན་ངས་ནན་ནན་ཏུག་ཏུག་གིས་རྩམ་ཟན་གདོང་དམར་ཀུན་ལ་དྲན་སྐུལ་གྱི་ཐ་ཚིག་སྒྲོག་རྒྱུ་ནི། ང་ཚོའི་རྩ་དོན་ཆེད་དུ་ཕུ་ནུ་མིང་སྲིང་རྣམ་པས་ཚེ་སྲོག་མེ་ལ་སྒྲོན་པ་ཉུང་ཉུང་མིན་ལ། དོ་ཡ་མེད་པའི་ལས་འགུལ་དེ་འདྲ་ཞིག་བརྩམས་དང་རྩོམ་བཞིན་པའི་རྒྱབ་ལྗོངས་དམིགས་རྟེན་ནི་མ་ཎི་ཁྲོམ་སྐོར་དང་། མྱ་ངན་གུས་འདུད། ད་དུང་རྒྱང་གྲགས་ཙམ་གྱི་དོན་དུ་མིན་པར། གནའ་ནས་མེས་པོ་རྣམ་པས་དཀའ་ཚེགས་རྔུལ་ཆུས་བསྐྲུན་པའི་རིག་གཞུང་འོ་མའི་རྒྱ་མཚོ་འདི། ད་ལྟའི་དུས་ལ་འཆི་མ་གསོན་གྱི་མཐའ་ལ་ལྷུང་བཞིན་ཡོད་སྟབས། གནས་སྟངས་སྡུག་པོ་འདི་ལས་མྱུར་སྐྱོབ་བྱེད་དགོས་ཞེས་སྐུལ་མ་དང་སྟོབས་ཤུགས་སྩོལ་ཐབས་བྱེད་བཞིན་པ་འདི་ང་ཚོའི་སེམས་ནང་རྡོ་བརྐོས་རི་མོ་བཞིན་དུ་བཟུང་ནས། ཁོང་རྣམ་པའི་རྨི་ལམ་དེ་མངོན་འགྱུར་རིངས་པར་ཡོང་ཕྱིར་ཐུན་མོང་ཐུན་མིན་རིག་གནས་ཀུན་ལ་འབད་པ་དུས་ནས་དུས་སུ་བསྐྱེད་དགོས། དེ་མ་གཏོགས་དཔའ་རྒོད་ཚོའི་ལུས་པོ་མེ་འོབས་ནང་དུ་སོང་ཟིན་ནའང་རེ་བའི་སེམས་པ་ང་ཚོར་འཁོར་ནས་ཡོད་པས། ད་ནས་འགྱུར་ལྡོག་ཡོད་པ་མ་བྱས་ཚེ་ལས་རྒྱུ་འབྲས་ལ་ཡིད་རྟོན་ཆེ་བའི་བོད་པ་ང་ཚོ་གསོན་ཡང་ཤི་རོ་ཞིག་དང་མཚུངས་པ་མིན་ནམ།།
