སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གསར་རྒྱག་བྱེད་བཞིན་པ།

pema_jongnyiད་ལྟའི་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གསར་རྒྱག་བྱེད་བཞིན་པ་ལྟར། འདི་གའི་གསར་འགོད་པས་ཨར་ལས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་པདྨ་འབྱུང་གནས་ལ་དེའི་སྐོར་བཅར་འདྲི་ཞུས་པ་ཡིན།

ཨར་ལས་དེའི་བརྒྱུད་རིམ་ག་འདྲ་ཡིན་མིན་དྲིས་པར། ཁོང་གིས་“སྤྱི་འཐུས་སྐབས་༡༤ པའི་སྐབས་སུ་སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་ཆོད་གནང་ནས། གྲོས་ཚོགས་ཀྱི་ཁང་པ་ཡོངས་རྫོགས་བཤིག་ནས་གསར་དུ་རྒྱག་རྒྱུའི་སྔོན་རྩིས་འཆར་གཞི་ཕུལ་བ་རེད། སྐབས་དེར་ང་ཚོད་དཔག་ཚོགས་ཆུང་གི་ཚོགས་གཙོ་ཡིན། ང་ཚོ་ཚོད་དཔག་ཚོགས་ཆུང་གིས་དེ་ལ་རྒྱབ་གཉེར་བྱས་མེད། ད་ལྟའི་ཆར་ཚོགས་ཁང་དེས་མ་འགྲིག་པ་གང་ཡང་མི་འདུག ཚོགས་ཁང་འདི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ཞིག་རེད། གང་ཡིན་ཟེར་ན། ཚོགས་ཁང་འདི་སྐབས་༧ པའི་སྤྱི་འཐུས་རྣམ་པ་ཚོས། བོད་མིའི་སྡོད་གནས་ཚང་མར་ཞལ་འདེབས་བསྡུ་སློང་གིས་འགྲོ་སོང་མང་ཆེ་བ་བཏང་བ་ཞིག་རེད། དེ་བཞིན་དུ་༧གོང་ས་མཆོག་ཐེངས་མང་པོར་ཚོགས་ཁང་དུ་ཕེབས་ནས་བྱིན་གྱིས་བརླབས་པའི་ཚོགས་ཁང་ཞིག་རེད། དེར་བརྟེན། དེ་གཏོར་ན་འགྲིག་གི་མི་འདུག འོན་ཀྱང་ཐོག་གི་ཁང་པར་གས་ཆག་མང་པོ་ཞིག་ཡོད་རེད། དེ་ཚོར་བཟོ་བཅོས་གཏོང་དགོས་ཀྱི་འདུག་ཅེས་ཐེངས་མང་པོར་ལབ་པ་ཡིན། ཡིན་ན་ཡང། སྐབས་དེའི་སྔོན་རྩིས་ཀྱི་འཆར་གཞི་དེ་འབུམ་༢༠ ལྷག་ཅིག་རེད། འགྲོ་སོང་དེ་འདྲ་ཞིག་སོང་ཡོད་རེད་”ཅེས་བརྗོད་སོང་།

mp_2012ཡང་ཁོང་གིས“་མུ་མཐུད་སྐབས་དེའི་བཀའ་ཤག་གིས་ང་ཚོ་ཚོད་དཔག་ཚོགས་ཆུང་གིས་འདོད་པ་མེད་བཞིན་དུ་རྒྱབ་གཉེར་གནང་སོང་། དེ་ནས་ད་ལྟའི་བཀའ་ཤག་ཕེབས་པ་རེད། ད་ལྟའི་བཀའ་ཤག་གིས་ཀྱང་ཆ་ཚང་གཏོར་རྒྱུའི་རྒྱབ་གཉེར་མེད་པ་གསལ་པོ་རེད། བཟོ་བཅོས་རང་བྱེད་རྒྱུའི་རྒྱབ་གཉེར་གནང་བ་རེད། དེར་བརྟེན། ང་ཚོས་ཁྱད་ལས་པ་དེ་འདྲ་སྐད་བཏང་ནས་ཁང་པ་འདིས་ཕན་ཐོགས་ཡོད་མེད་བལྟ་དུས། ཁོ་རང་ཚོའི་སྙན་ཐོའི་ནང་ས་ཡོམ་བརྒྱབ་པ་ཡིན་ན་ཉེན་ཁ་འདུག་ཅེས་ལབ་པ་རེད། ས་ཡོམ་བརྒྱབ་པ་ཡིན་ན་ཉེན་ཁ་ཡོད་ཡོད་པ་རེད། དེར་བརྟེན། ང་ཚོའི་ངོས་ནས་དེ་རྒྱུ་མཚན་ཞིག་མཐོང་མ་སོང་། ཡིན་ན་ཡང་། བཀའ་ཤག་གིས་རྒྱབ་གཉེར་གནང་མེད་པ་དང་ས་ཡོམ་མ་བརྒྱབ་ན་ཉེན་ཁ་མེད་པར་ངོས་འཛིན་གྱིས། བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་བྱས་པ་ལྟར་ཚོགས་ཆུང་ཞིག་བཙུགས་པ་རེད་”ཅེས་བརྗོད་སོང་།

ཡང་གསར་འགོད་པས་ཚོགས་ཆུང་དེའི་ནང་ཚོགས་མི་སུ་ཡོད་རེད་ཅེས་དྲིས་པར། ཁོང་གིས“་ཚོགས་ཆུང་དེའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། ང་ཚོ་གསུམ་བསྐོ་བཞག་བྱས་པ་རེད། དེ་ནས་བཟོ་བཅོས་རྒྱག་རྒྱུའི་ཐོག་འབུམ་༩༠ ཙམ་གྱིས་འགྲོ་སོང་གཏོང་རྒྱུ་བྱས་པ་རེད། བོགས་མ་གཏོང་ས་གཏན་ཁེལ་ནས་ཕྱི་ཟླ་བཞི་པ་ཡས་མས་ནས་ལས་ཀ་འགོ་བཙུགས་པ་རེད། ཚོགས་ཁང་གི་ཐོག་གཏོར་སྐབས་འོག་གི་ཁང་པ་ཚོ་ཡང་གས་ཆག་ཤོར་འདུག དེར་བརྟེན། སྔོན་མ་གཏོར་ན་འགྲིིག་གི་མི་འདུག་ཟེར་མཁན་དེ་ཡང་གཏོར་ན་འགྲིག་གི་འདུག་ཟེར་མཁན་ཆགས་པ་རེད། གང་ཡིན་ཟེར་ན། མ་གཏོར་ནས་བཞག་ན་ཕན་ཐོགས་ས་མ་རེད།

དེ་ནས་བསྐྱར་དུ་ང་ཚོས་ཨར་ལས་ཀྱི་ཐོག་ལ་ཁྱད་མཁས་པ་ནང་ཆེན་བསྟན་འཛིན་སྐད་བཏང་ནས་ཞིབ་འཇུག་བྱེད་དུས། བཤིག་ན་ཡག་ཤོས་རེད། གལ་ཏེ་མ་བཤིག་པ་ཡིན་ན་ལོ་ཁ་ཤས་རྗེས་ནས་ཡང་བསྐྱར་བཤིག་དགོས་ཀྱི་རེད། སྐབས་དེར་འགྲོ་སོང་ལྡབ་འགྱུར་གྱི་མང་བ་འགྲོ་ཡི་རེད་ཟེར། དེར་བརྟེན། ང་ཚོ་མི་རྒྱུས་ཡོད་ཀྱི་ཁར་ཉན་ནས་ཚང་མ་གཏོར་བ་རེད། བོགས་མ་གཏོང་ས་རང་འཇག་ཐོག་འབུམ་༡༩༠ སྤྲོད་རྒྱུ་བྱས་པ་རེད། ལས་ཀའི་དུས་ཡུན་དེ་ཟླ་བ་༡༧ ནང་ཚར་རྒྱུ་བྱས་ཡོད། དེ་ནས་ང་ཚོས་ལས་ཀར་བལྟ་མཁན་བོད་མི་ཞིག་དང། ཨར་ལས་ལ་རྒྱུས་ཡོད་མཁན་བོད་མི་ཞིག་བཅས་གཉིས་བསྐོས་ཡོད་”ཅེས་བརྗོད་སོང་།