༄༅།།ཇ་ཁང་ནང་གི་སེམས་ཚོར་།
ང་ལ་ལས་དོན་གང་ཡང་མེད་པས་
ངས་འདི་ལྟར་
དཔེ་དེབ་ཞིག་ལག་པར་ཁྱེར་ནས་
རྒྱ་གར་བའི་ཇ་ཁང་ཞིག་གི་ཕྱོགས་སུ་དལ་མོར་སོང་
ཇ་ཁང་ནང་འབྱོར་རྗེས་
མངར་ཇ་ཞིག་མངགས་ཞོར་དུ་
ལག་གཡོན་མས་མགོ་བོ་སྐྱོར་བཞིན་
རང་ཉིད་ཚུད་པའི་མི་རིགས་ཏེ་
བོད་མི་རིགས་ཀྱི་དོན་དུ་མནོ་བསམ་གཏོང་འགོ་རྩམ་་
ལག་གཡོན་མ་ཕོར་པའི་ཕྱོགས་སུ་ག་ལེར་སྐྱོང་ཞོར་
ཆེ་མཐོག་མའི་དྲན་ཡུལ་ནི་
འདས་ཟིན་པའི་མི་རིགས་ཀྱི་དཔའ་བོ་སྟེ་
མེ་ལྕེ་ལྷབ་ལྷུབ་དུ་འབར་བཞིན་པའི་ཁྲོད་དུ་
རང་དབང་གི་ཀི་སྒྲ་དང་ལྷན་དུ་
རང་བཙན་གྱི་འབོད་སྒྲ་དང་ལྷན་དུ་
གོན་སྒྲ་དང་ལྷན་དུ་
བསྲེགས་སྒྲ་དང་ལྷན་དུ་
དུ་བ་ནམ་མཁར་འཕྱུར་བཞིན་
རང་སྲོག་དམར་པོ་མེ་རུ་བསྲེགས་བཞིན་པའི་ངང་ཚུལ་དེ་རེད་
སྤུན་ཟླ་ལགས་
ཁྱོད་ཀྱིས་
སྒང་པ་བོད་ཀྱི་སེམས་ངོ་རེ་རེ་ལ་
ཟུབ་མི་སྲིད་པའི་སྙིང་ཁྲག་གི་རི་མོ་བྲིས་སོང་
ཁྱོད་ཀྱིས་
འགྱིལ་བཞིན་པའི་ས་མཐོའི་རྡོ་རིང་ཞིག
རྟན་པོར་བཙུགས་སོང་
ཁྱོད་ཀྱིས་
བརྗེད་འགྲོ་བའི་གཏམ་བརྒྱུད་ཞིག་
སླར་ཡང་གསལ་པོར་བཤད་སོང་
སྤུན་ཟླ་ལགས་
ཁྱོད་དང་ཁྱོད་འདྲ་བའི་སྙིང་སྟོབས་ཅན་ཚོར་
ང་དང་ང་འདྲ་བའི་རིགས་བརྒྱུད་གཅིག་པ་ཚོས་
དད་གུས་དང་ཡིད་རང་ལོས་བྱེད་
ད་དུང་
ཁྱེད་ཚོས་བཞག་པའི་ཆེས་མཐའ་འཇུག་གི་སྐད་ཆ་དེ་དག་
ང་ཚོས་ནམ་ཡང་བརྗེད་མི་སྲིད་
དེ་ལྟར་དྲན་སེམས་ཀྱི་ཀློང་ཡངས་ནས་འཁོར་དུས་
ས་གཞི་ཡོངས་སུ་མུན་ནག་གིས་ཀླུབས་འདུག་པ་
ངས་ཇ་རིན་སྤྲད་དེ་ཕྱིན་རང་ཚང་དུ་གོམ་ཁ་སྒྱུར་།།
སྤྱི་ལོ་༢༠༡༢ཟླ་བ་༨ཚེས་༡༦ཉིན་ཅོན་ཏྭ་རའི་ཉེ་འགྲམ་གི་རྒྱ་གར་བའི་ཇ་ཁང་ཞིག་གི་ནང་ནས་བྲིས་།། །།
