རྫ་ཆུ་ཁ་དབོན་པོ་ཡུལ་ཚོ་རུ་རྒྱ་དམག་འབྱོར་འདུག

mmexport1350409103964ཟླ་འདིའི་ཚེས་༡༦ ཉིན་གྲྭ་བྱམས་པ་ཡོན་ཏན་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༡༤ ཉིན་གྱི་མཚན་མོར་བོད་མདོ་ཁམས་རྫ་ཆུ་ཁ་དབོན་པོ་ཡུལ་ཚོ་རུ་རྒྱ་དམག་མང་པོ་འབྱོར་ཏེ། ཚེས་༡༥ ཉིན་སུ་ཡིན་ངོ་རྟགས་མི་ཆོད་པའི་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད།

ཚེས་༡༦ དབོན་པོ་སྡེ་པའི་མི་ཚང་རེ་རེའི་བཟའ་དཔོན་ཚང་མ་ངེས་པར་དུ་དབོན་པོ་ཡུལ་ཚོར་ཚོགས་འདུར་ཡོང་དགོས་པའི་བཙན་བཀའ་བཏང་ཡོད་འདུག ད་ལྟའི་སྐབས་རྫ་ཆུ་ཁ་དབོན་པོ་ཡུལ་དགོན་གཉིས་སུ་དམིགས་བསལ་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་གང་ཡང་ལྷག་མེད་པར་བརྟེན། གློ་བུར་དུ་དམག་མི་ཕོན་ཆེན་ཞིག་རྒྱུ་མཚན་གང་ལ་བརྟེན་ནས་སླེབས་པ་ཡིན་མིན་སྐོར་ས་གནས་མི་མང་གིས་གང་ཡང་ཤེས་ཀྱི་མེད་པ་རེད།

mmexport1350409120169ཕྱི་ལོ་༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་དུ་ཆེས་ཐོག་མར་བོད་ཀྱི་རྒྱལ་དར་འཕྱར་ནས། རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་མཁན་དགེ་འདུན་པ་བཅོ་ལྔ་བྱུང་བའི་ནང་གྲྭ་པ་བརྒྱད་དབོན་པོ་དགོན་པ་ནས་འདུག ལོ་དེར་བོད་མདོ་དབུས་ཁམས་གསུམ་གྱི་ཁྱོན་ཡོངས་ལ། ཞི་རྒོལ་ཆེན་མོ་དེ་བྱུང་ཡོད་པ་རེད།  དེ་ནས་བཟུང་རྫ་ཆུ་ཁ་དབོན་པོ་ཡུལ་དགོན་གཉིས་ལ་རྒྱ་གཞུང་ཞི་རྒོལ་རིམ་པ་བྱས་པ་དང་། རྒྱ་ནག་གཞུང་གིས་ཀྱང་དབོན་པོ་ཡུལ་དགོན་གཉིས་ལ་དྲག་གནོན་དང་དམ་དྲག་སྔར་ལྷག་བྱེད་འགོ་ཚུགས་ཡོད།  

mmexport1350409103964

འདི་ལོའི་ཕྱི་ཟླ་༢ པའི་ཚེས་༤ ཉིན་དབོན་པོ་ཡུལ་ཚོ་རུ་ཡོད་པའི་སློབ་གྲྭའི་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ། བོད་ཀྱི་རྒྱལ་དར་བསྒྲེངས་པ་དང་། བོད་དོན་བསྒྲགས་ཡིག་གང་སར་གཏོར་ཡོད་པར་བརྟེན། དབོན་པོ་ཡུལ་དགོན་གཉིས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གི་གསང་བའི་མི་མང་པོ་ཞིག་ས་གནས་སུ་བསྡད་ཡོད་པའི་གནས་ཚུལ་མི་མང་ནང་ཁྱབ་ཡོད་པ་རེད་འདུག ད་ལྟ་དབོན་པོ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་དུ་དགེ་འདུན་པ་སུམ་བརྒྱ་ལྷག་ཙམ་ཡོད་པ་དང་། དབོན་པོ་སྡེ་བར་ཁྱིམ་ཚང་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་ཡོད་པ་རེད་འདུག །
མེ་སོར་གསར་འགོད་པས།