ཨ་རིའི་མཐོ་སློབ་ཁག་ཅིག་ནང་བོད་པའི་སློབ་མ་ལེན་འཆར།

ཉེ་ཆར་༧གོང་ས་མཆོག་དང་། སྲིད་སྐྱོང་དང་ཤེས་རིག་དྲུང་ཆེ་བཅས་ཨ་རིར་ཕེབས་པ་དང་བསྟུན།  ཨ་རིའི་མཐོ་སློབ་དང་གཙུག་ལག་སློབ་གྲྭ་ཁག་གཅིག་གིས་བཙན་བྱོལ་བོད་མིའི་སློབ་ཕྲུག་ཚད་ལྡན་ཁག་ཅིག་འདེམས་སྒྲིག་གིས་ཨ་རིར་སློབ་སྦྱོང་གི་གོ་སྐབས་སྤྲད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བཀའ་ཤག་གིས་བོད་མིའི་ཤེས་ཡོན་ཡར་རྒྱས་ཐོག་དམིགས་བསལ་འབད་བརྩོན་གནང་དང་གནང་མུས་ཡིན་པ་མ་ཟད། དེང་དུས་རིག་གསར་གྱི་ཤེས་ཡོན་ནང་བོད་མི་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་གང་མང་འཐོན་ཐབས་བྱ་རྒྱུའི་ལས་གཞི་སྤེལ་དང་སྤེལ་མུས་ཁོངས་སུ། ཉེ་ཆར་༧གོང་ས་ མཆོག་གིས་ཨ་རིའི་ཁུལ་དུ་མཛད་འཕྲིན་སྐྱོང་བཞིན་པའི་སྐབས་དང་བསྟུན། ཟླ་འདིའི་ཕྱི་ཚེས་༡༤ ཉིན་༧གོང་ས་མཆོག་དང་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་ བློ་བཟང་སེང་གེ། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་རྣམ་གཉིས་ཀྱིས་ཨ་རིའི་མཐོ་སློབ་ཧར་ཝ་ཌི་དང་སི་ཊན་ཕོཌ། མེ་སི་ཅུ་སི་འཕྲུལ་རིག་སློབ་གྲྭ ཀལ་ཊེ་ཆི། པི་རིན་སི་ཊོན། ཡེལ་ (Harvard, Stanford, MIT, Caltech, Princeton, and Yale) བཅས་དང། གཞན་ཡང་མཐོ་སློབ་དྲག་གྲས་ཁག་༢༠ བཅས་ཁྱོན་མཐོ་སློབ་གྲངས་༣༠ ལྷག་གི་ཞལ་ངོ་ (Deans) དང་སློབ་འཇུག་འགན་འཛིན་ admissions representatives རྣམས་མཇལ་འཕྲད་མཛད་ཡོད་པ་མ་ཟད། སྐབས་དེར་ཞལ་ངོ་རྣམ་པས་བོད་རིགས་སློབ་མ་རྣམས་འབྲེལ་ཡོད་མཐོ་སློབ་ཁག་ནང་། སློབ་འཇུག་བྱ་རྒྱུའི་གནས་ཚད་ལོངས་མིན་ཞིབ་འཇུག་མཐིལ་ཕྱིན་བྱས་རྗེས་སློབ་མ་རྩེ་ཕུད་ཁག་གཅིག་འདེམས་སྒྲུག་བྱ་རྒྱུའི་ལས་འཆར་སྙན་སྒྲོན་ཞུས་ཡོད་འདུག

ཕྱོགས་མཚུངས་༧གོང་ས་མཆོག་གིས་ཤེས་ཡོན་སྐོར་སྤྱི་དང་ལྷག་པར་སློབ་ཚན་འདྲ་མིན་ནང་བོད་ཀྱི་སློབ་མ་རིགས་གཅིག་རྐང་འཛིན་གང་མང་འཐོན་ཐབས་མཛད་རྒྱུའི་དགོངས་འཆར་སྐོར་གསལ་བཤད་མཛད་ཡོད་འདུག་ལ། སྐབས་དེར་ཞལ་ངོ་རྣམས་ཀྱིས་༧གོང་ས་མཆོག་ལ་བརྗོད་གཞི་འདྲ་མིན་ཐོག་དྲི་བ་འབུལ་རྒྱུའི་གོ་སྐབས་ཀྱང་རག་ཡོད་པ་རེད།
མཐོ་སློབ་ཁག་གི་ཞལ་ངོ་མང་པོ་ཞིག་ལྷན་ཚོགས་གྲུབ་རྗེས། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་དང་དངོས་སུ་ཐུག་འཕྲད་གནང་སྟེ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་འབྲེལ་བ་རྒྱུན་འཁྱོངས་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད། ༧གོང་ས་མཆོག་དབུ་བཞུགས་ཀྱི་ལྷན་ཚོགས་དེ་ལེགས་པར་གྲུབ་མཚམས་གོང་བརྗོད་ཨ་རིའི་མཐོ་སློབ་ཁག་གི་ཞལ་ངོ་འགན་འཛིན་རྣམ་པས། སྲིད་སྐྱོང་བློ་བཟང་སེང་གེ་དང་ལྷན་ཆུ་ཚོད་༡ ལྷག་ཙམ་རིང་གྲོས་མོལ་གནང་ཡོད།

སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེས་ཁོང་དེ་སྔ་ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གྲྭར་སློབ་སྦྱོང་བྱས་པ་དེས་ཕན་འབྲས་ཇི་བྱུང་གསལ་བཤད་གནང་སྐབས། ཞལ་ངོ་དང་འགན་འཛིན་རྣམ་པས་ཨ་རིའི་མཐོ་སློབ་རྩེ་ཕུད་ནས་ཐོན་པའི་སློབ་མ་གཅིག་གིས། གོ་སྐབས་བྱུང་ཚེ་འགྱུར་བ་ཆེན་པོ་གཏོང་ཐུབ་པའི་ནུས་པ་ཡོད་པ་དེར་ངོ་མཚར་ཆེན་པོ་བྱུང་བའི་རྣམ་འགྱུར་བསྟན་ཡོད།

དེ་ཡང་ཨེམ་ཧར་སི་ཊི་གཙུག་ལག་སློབ་གྲྭའི་ Amherst College སློབ་འཇུག་ཞལ་ངོ་ Dean of Admissions སྐུ་ཞབས་ཐོ་མ་སི་པ་ཀར་ Thomas Parkerམཆོག་གིས་ལྷན་ཚོགས་དེའི་སྐོར་གསུང་དོན། ང་རང་ལོ་ངོ་༣༢ རིང་སློབ་འཇུག་ཞལ་ངོའི་ལྷན་ཚོགས་ནང་ནས་དེ་རིང་ལྷན་ཚོགས་འདི་གལ་གནད་ཆེ་ཤོས་གྲས་ཤིག་ཆགས་ཡོད། བཙན་བྱོལ་བོད་མིའི་སློབ་ཕྲུག་ཚད་ལྡན་རྣམས་ལ་ང་ཚོའི་གཙུག་ལག་སློབ་གྲྭས་འདི་ག་མཐོ་སློབ་ནང་སློབ་སྦྱོང་ཆེད་ཉལ་ཁང་དང་། ཀློག་དེབ། སློབ་ཁྲིད་སློབ་ཡོན་གྱི་མཐུན་རྐྱེན་ཆ་ཚང་སྤྲོད་རྒྱུ་མ་ཟད། རྒྱ་གར་ནས་ཨ་རིར་འགྲོ་འོང་ཐེངས་གཉིས་ཀྱི་ལམ་གྲོན་གནང་རྒྱུ་ཡིན། བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ལ་མཐུན་རྐྱེན་འདི་འདྲ་གནང་མཁན་ང་ཚོའི་མཐོ་སློབ་གཅིག་པུ་མིན་པར་ཨ་རིའི་མཐོ་སློབ་དྲག་གྲས་གཞན་ཡང་ཡོད་ཅེས་བརྗོད་ཡོད་པ་རེད་འདུག །