ཉ་འཚོ་ཟིལ་དཀར་དགོན་པའི་གྲྭ་པ་ཞིག་ལ་ཁྲིམས་ཆད།

m634863115130180000ཁམས་སྐྱེ་རྒུ་མདོ་འཁྲི་འདུ་རྫོང་། ཉ་འཚོ་ཟིལ་དཀར་དགོན་གྱི་གྲྭ་བསྟན་འཛིན་ཤེས་རབ་ལ་རྒྱ་ནག་གཞུང་གིས་ལོ་གཅིག་གི་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་། ཁྲིམས་ཐག་གཅོད་དུས་ཕྱིར་བསྒྲགས་བྱས་མེད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༣ ཉིན་བློ་བཟང་སངས་རྒྱལ་གྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། གྲྭ་བསྟན་འཛིན་ཤེས་རབ་ལ་ཟི་ལིང་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་དུ་ལོ་གཅིག་རིང་དུས་བཀག་བཙུན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། ཟླ་བ་གསུམ་གྱི་སྔོན་ལ་ནང་མི་དང་ཐུབ་ཕྲད་བྱེད་མི་ཆོག་པའི་གནས་ཚུལ་ཉེན་རྟོག་མི་སྣས་ནང་མི་ལ་ཁ་པར་བརྒྱུད་བཤད་ཡོད་འདུག

འདི་ལོའི་ཟླ་བ་ ༡༠ ཚེས་ ༡ ཉིན་ཁམས་སྐྱེ་རྒུ་མདོ་འཁྲི་འདུ་རྫོང་རྫ་སྟོད་ཤང་། དར་དམར་སྡེ་པ་ནས་ཡིན་པའི་ཉ་འཚོ་ཟིལ་དཀར་དགོན་གྱི་གྲྭ་བསྟན་འཛིན་ཤེས་རབ། རྫ་སྟོད་ཡུལ་ཚོ་ནས་རྒྱ་ནགི་ཉེན་རྟོག་པས་འཇུ་བཟུང་གཙན་འཁྲིད་བྱས་ཡོད་པ་དང་།  དེའི་རྗེས་སུ་ནང་མི་སྤུན་མཆེད་རྣམས་ཀྱིས་ཉེན་རྟོག་ལས་ཁང་དུ་འབྲེལ་བར་བྱས་ནས། ཁོང་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཆགས་དང་།    ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་རྩོད་གཅོད་བྱས་ཀྱང་། འབྲེལ་ཡོད་ཉེན་རྟོག་པས་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད།

ཁོང་རྒྱ་ནག་གཞུང་གིས་བཙན་ཁྲིད་བཀག་ཉར་བྱེད་དོན་སོགས་གསལ་པོ་ཤེས་རྟོགས་ཐུབ་མི་འདུག་ཀྱང་། ལོ་འདིའི་ཟླ་ ༢ ཚེས་ ༨ ཉིན་ཉ་འཚོ་ཟིལ་དཀར་དགོན་གྱི་གྲྭ་མང་དང་།     དེར་ཡོད་ཀྱི་མི་མང་གིས་རྒྱ་གཞུང་ལ་ཞི་བའི་སྐད་འབོད་རྒྱག་དུས། ཁོང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་ཡིན་སྐོར་འབྲེལ་ཡོད་ཁག་ཅིག་གིས་འགྲེལ་བརྗོད་བྱས་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྫ་སྟོད་སོགས་སུ་དམ་དྲག་བྱེད་བཞིན་ཡོད་འདུག་པས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་བློ་བཟང་སེང་རྒྱལ་གྱིས་འགྲེལ་བརྗོད་གནང་སོང་།

ཉ་འཚོ་ཟིལ་དཀར་དགོན་གྱི་གྲྭ་བསྟན་འཛིན་ཤེས་རབ་རང་ལོ་ ༢༨ ཡིན་པ་དང་། ཕ་ཡི་མིང་ལ་འཇམ་ཆོས་དང་། མ་ཡི་མིང་ལ་པདྨ་བདེ་སྐྱི་ཟེར་གྱི་ཡོད་པ་རེད། ཁོང་ལ་སྤུན་མཆེད་བདུན་ཡོད་པ་ལས་ལྔ་པ་དེ་ཡིན་པ་དང་།  ཁོང་ནི་རྒྱུན་ལྡན་ནས་ཀུན་སྤྱོད་བཟང་ལ་མི་རིགས་ལ་ལ་རྒྱ་ཆེ་བ། སློབ་སྦྱོང་ལ་ཧུར་བརྩོན་ལྡན་པ་ཞིག་ཡིན་འདུག །

http://www.tibetexpress.net/bo/home/2010-02-04-05-37-19/9410-2012-10-15-05-00-09