དབོན་པོ་དགོན་པའི་གྲྭ་པ་ཞིག་འཇུ་བཟུང་།

ཟླ་འདིའི་ཚེས་ ༧ ཉིན་སེར་བྱས་བྱ་བྲལ་ཁང་ཚན་གྱི་གྲྭ་བྱམས་པ་ཡོན་ཏན་གྱི་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། ཟླ་འདིའི་ཚེས་༤ ཉིན་ཁམས་རྫ་ཆུ་ཁ་དབོན་པོ་དགོན་པའི་གྲྭ་མུན་སེལ་ཞུ་བ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བྱུང་འདུག

གནས་ཚུལ་འབྱོར་གསལ་ལྟར་ན། ཁམས་རྫ་ཆུ་ཁ་དབོན་པོ་དགོན་པའི་གྲྭ་མུན་སེལ་ལ་ཉེ་ཆར་རྒྱ་གཞུང་གིས་དབོན་པོ་ཡུལ་ཚོའི་སྲིད་གཞུང་ལ་འབྱོར་དགོས་པའི་བཀའ་རྒྱ་བཏང་ཡོད་ཀྱང་། སྐབས་དེར་ཁོང་གི་སྐུ་གཟུགས་བདེ་མིན་གྱི་དཀར་མཛེས་སྨན་ཁང་དུ་ཡོད་སྟབས ཟླ་འདིའི་ཚེས་༥ རེས་གཟའ་ཟླ་བའི་ཉིན་ཡུལ་ཚོའི་སྲིད་གཞུང་ལ་ཕེབས་སྐབས་སེལ་ཤུལ་རྫོང་དུ་ཁྲིད་ཡོད་འདུག

ཉེ་ཆེར་ཟླ་༡༠ ཚེས་༡༥ ནས་༢༢ བར་ཁམས་རྫ་ཆུ་ཁ་དབོན་པོ་ས་གནས་སུ་རྒྱ་གཞུང་གིས་སེར་སྐྱ་ ༢༥ འཛིན་བཟུང་བྱས་པའི་ཁྲོད་ནས་མང་ཆེ་བ་གནས་སྐབས་ཕྱིར་བཏང་ཡོད་ཀྱང་། ཁག་ཅིག་ད་དུང་སེལ་ཤུལ་རྫོང་དུ་བཀག་ཉར་བྱས་འདུག་ལ། ཟླ་༡༠ ཚེས་༣༠ ཉིན་བཀའ་ཉར་བྱས་ཡོད་པའི་བོད་མི་དག་གི་ནང་མི་རྣམས་སེར་ཤུལ་རྫོང་ལ་ཡོང་དགོས་པའི་བཀའ་རྒྱ་འབྱོར་བ་དང་། ནང་མི་ཚོ་སེར་ཤུལ་རྫོང་དུ་འབྱོར་སྐབས། འབྲེལ་ཡོད་ལས་བྱེད་པས་བཀག་ཉར་འོག་ཡོད་པའི་བོད་མི་རེ་ལ་སོ་སོའི་ཁྱིམ་མིས་རྒྱ་སྒོར་༥༠༠ རེ་སྤྲོད་ཆོག་མོད། སྒོར་མོ་ལས་བྱེད་པ་ཚོའི་ལག་ཏུ་འཇོག་དགོས་པ་ལས་ཐད་གར་བཀག་ཉར་བྱས་ཡོད་པའི་བོད་མི་ཚོར་ཐུག་འཕྲད་བྱེད་ཆོག་གི་མ་རེད་བཅས་བརྗོད་འདུག

དེ་མིན་ཁོང་ཚོར་རྒྱ་ཡིག་བྲིས་པའི་ཡི་གེ་རེ་སྤྲད་ཡོད་པའི་ནང་བཀག་ཉར་འོག་ཡོད་པའི་བོད་མི་དེ་དག་ལ་རྡུང་རྡེག་བྱེད་ཀྱི་མེད་ཅེས་བྲིས་ཡོད་འདུག  ཡིན་ནའང་། ས་གནས་བོད་མི་ཚོས་བྱེད་ཐབས་དེ་ནི་ཆབ་སྲིད་ཀྱི་སྐད་ཆ་ཙམ་ཡིན་པ་ལས་ཡིད་ཆེས་བྱ་མི་ཐུབ་པ་མ་ཟད། སྒོར་༥༠༠ དེ་ཡང་བཀག་ཉར་བྱས་པའི་བོད་མི་དེ་ཚོར་སྤྲད་ཡོད་མེད་ཐེ་ཚོམ་རེད། ཅེས་བརྗོད་ཀྱི་འདུག དབོན་པོ་ཡུལ་ཚོའི་སྲིད་གཞུང་དང་། རྫ་སྨད་གྲོང་རྡར་སྲིད་གཞུང་གཉིས་མཉམ་དུ་ཡོད་ལ། ད་དུང་དམག་མི་འབོར་ཆེན་ཞིག་བསྡད་ཡོད་པའི་གནས་ཚུལ་དང་། ཉིན་བཞིའི་སྔོན་ནས་སྐད་འཕྲིན་ཡོད་ཚད་བཀག་ཡོད་པས་མ་ཚད། ཁ་པར་བརྒྱུད་ལམ་ཡང་སྒྲ་མི་གསལ་བ་བཟོས་ཡོད་འདུག  །

མེ་སོར་གསར་འགོད་པས།