མིག་མདུན་གྱི་འོས་བསྡུ་ཆེན་མོ་གཉིས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༡༡  ཕྱི་ལོ་ ༢༠༡༢/༡༡/༧
ད་ལྟའི་ཆར་འཛམ་གླིང་དུ་ཆེས་སྐད་གྲགས་ཆེ་བའི་སྟོབས་ཆེན་རྒྱལ་ཁབ་ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་འདེམས་བྱེད་བཞིན་ཡོད་པ་དང། རེས་གཟའ་ཉི་མའི་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆགས་ཡུལ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་འོས་བསྡུ་ཆེན་མོ་ཡང་བྱས་སོང་།

བཙན་བྱོལ་བོད་མི་མང་པོ་ཞིག་གིས་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་ལ་དོ་སྣང་དང་བགྲོ་གླེང་བྱེད་པ་ལས། ཧི་མ་ཅལ་མངའ་སྡེའི་འོས་བསྡུ་ལ་དེ་ཙམ་དོ་སྣང་ཡོད་མེད་ཀྱང་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད། དོན་དངོས་ཐོག་ད་ལྟ་ང་ཚོའི་མིག་མདུན་གྱི་འོས་བསྡུ་ཆེན་མོ་གཉིས་ཀ་བོད་མིའི་སྒྲིག་འཛུགས་དང། བཙན་བྱོལ་དུ་ཡོད་པའི་བོད་རིགས་མི་མང་གཉིས་ཀར་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ཡང། འོས་བསྡུ་ཆེན་མོ་འདི་གཉིས་ཀྱི་ནང་ནས་བོད་པ་ལ་དམིགས་བསལ་གྱིས་ཁྱད་པར་དང་འགྱུར་བ་ག་རེ་ཡོད་མེད་སྐོར་ལ་བསམ་ཞིབ་བྱེད་དགོས་པ་ཞིག་ཡིན།

ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་ལ་བོད་པས་དོ་སྣང་བྱེད་བཞིན་ཡོད་པ་དེ། ཕྱོགས་གཅིག་ནས་ཨ་རིའི་རྒྱལ་ཁབ་དེ་འཛམ་བུའི་གླིང་འདིའི་ནང་རྒྱ་དམར་དྲག་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་མཁན་གྱི་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་དང། ད་དུང་ཨ་རིའི་སྲིད་འཛིན་གྱི་འོས་འཕེན་ནང་བོད་མི་གང་འཚམས་ཤིག་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་ཀྱང་ཡོད་པས་དོ་སྣང་སྤྲད་པ་ཡིན་སྲིད། བོད་མི་ཚོས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་འོས་བསྡུ་ལ་དོ་སྣང་དེ་ཙམ་མེད་པ་དེ། ཧི་མ་ཅལ་མངའ་སྡེའི་ནང་གནས་སྡོད་བཙན་བྱོལ་བོད་མིའི་ནང་ཧི་མ་ཅལ་མངའ་སྡེའི་འོས་བསྡུ་དེར་མཉམ་ཞུགས་ཀྱིས་འོས་འཕེན་ཆོག་པའི་ཐོབ་ཐང་ཡོད་མཁན་གཅིག་ཀྱང་མེད་པ་དང། རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་མ་ཡིན་པར། ས་གནས་ཀྱི་འོས་བསྡུ་ཙམ་ཞིག་ཡིན་པའི་རྒྱུ་མཚན་གྱིས་དོ་སྣང་མ་བྱས་པའང་ཡིན་སྲིད།

ཨ་རིའི་སྲིད་འཛིན་གྱི་འོས་ཤོག་ཆབ་སྲིད་ཚོགས་པ་གང་དང། གང་ཟག་སུ་ཞིག་ལ་ཐོབ་ཀྱང་ཨ་རིའི་གཞུང་ནས་བོད་ལ་འཛིན་པའི་སྲིད་བྱུས་དང་རྒྱབ་སྐྱོར་བྱེད་སྟངས་དེ་ཨ་རིའི་གྲོས་ཚོགས་ནས་ཁྲིམས་སུ་བཅས་ཟིན་པས། གནས་སྐབས་སྲིད་འཛིན་གྱིས་བོད་དོན་ལ་འགྱུར་བ་ཆེན་པོ་ཞིག་གཏོང་ཐབས་མེད། འོན་ཀྱང་ཕྱིའི་རྣམ་འགྱུར་ཙམ་གྱི་ཐོག་ནས་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་དོན་གྱིས་འགྱུར་བ་ཆེན་པོ་ཞིག་འགྲོ་མི་སྲིད། དཔེར་ན་སྤྱི་མཐུན་ཚོགས་པའི་སྲིད་འཛིན་བྷུ་ཤུ་ཡིས་༧གོང་ས་མཆོག་ལ་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་ཡོད་ལ། མང་གཙོ་ཚོགས་པའི་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོའི་ནང་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ་མ་ཟད། རྒྱ་ནག་ལ་གཟིགས་སྐོར་མ་གནང་བའི་སྔོན་ལ་སྲིད་འཛིན་གྱི་སྐུ་ཚབ་དྷ་སར་ཆེད་གཏོང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་གོ་བསྡུར་གནང་ཡོད་པའི་གནས་སྟངས་ལ་ཕྱི་མིག་བལྟས་ན་ཤེས་ཐུབ།

བོད་མི་ཚོར་ཧི་མ་ཅལ་མངའ་སྡེའི་འོས་བསྡུའི་ནང་མཉམ་ཞུགས་བྱ་རྒྱུའི་ཐོབ་ཐང་མེད་པ་དང། དོ་སྣང་བྱས་ནས་ནུས་པ་གང་ཡང་མེད་ཀྱང་ཚོར་བ་ངེས་པར་དུ་ཡོད་དགོས་པ་ཞིག་རེད་སྙམ། ཕྱོགས་གཅིག་ནས་ཧི་མ་ཅལ་མངའ་སྡེ་དེ་ཉིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང། བོད་མིའི་སྒྲིག་འཛུགས་ཀྱི་གནས་ཡུལ་གཙོ་བོ་ཡིན་པས་བོད་པ་དང་ཐད་ཀར་འབྲེལ་བ་ཆེན་པོ་ཡོད་པ་ནི་བཤད་མི་དགོས་ལ། རྒྱལ་ཁབ་དང་སྲིད་གཞུང་སུ་གང་གིས་ཀྱང་ཚབ་མཚོན་བྱེད་མི་ཐུབ་པ་ཞིག་རེད། དཔེར་ན་ཧི་མ་ཅལ་མངའ་སྡེའི་གཞུང་གིས་བོད་དོན་སྤྱི་དང་ལྷག་དོན་བོད་མིའི་སྒྲིག་འཛུགས་ལ་འཛིན་པའི་སྲིད་བྱུས། མངའ་སྡེ་འདིའི་ནང་གི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་སྤྱི་ཡོངས་ལ་དགོངས་བཞེས་ཡོང་མིན་སོགས་ཀྱང། མངའ་སྡེའི་གཞུང་འཛིན་མི་སྣ་གཙོ་བོ་དག་གི་ལངས་ཕྱོགས་དང་འབྲེལ་བ་དམ་ཟབ་ཆགས་ཡོད་པ་ཞིག་རེད།

རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་སྐོར་གྱི་ཡིག་ཆ་ལ་མཚན་རྟགས་བཀོད་མེད་པ་དང། རྒྱ་གར་རྒྱལ་ཁབ་རང་ངོས་ནས་སྐྱབས་བཅོལ་བའི་སྐོར་ལ་དམིགས་བསལ་ཁྲིམས་ཡིག་གཏན་འབེབས་ཀྱང་གནང་མེད། སྐྱབས་བཅོལ་བའི་སྐོར་ལ་འཛིན་པའི་སྲིད་བྱུས་ནི་འཛིན་སྐྱོང་གིས་ཐག་གཅོད་གང་གནང་ལྟ་བུ་ཞིག་ཡིན་ཞིང། ལྷག་དོན་ཧི་མ་ཅལ་མངའ་སྡེ་ལ་མཚོན་ན་རྒྱ་གར་གཞུང་གིས་བོད་པ་སྤྱི་ཡོངས་ལ་བལྟ་སའི་སྒེའུ་ཁུང་ལྟ་བུ་ཡིན། དེ་ནི་བཙན་བྱོལ་བོད་མིའི་ལྟེ་གནས་དང། ༧གོང་ས་མཆོག་གི་བཞུགས་སྒར་ཡིན་པས་ཀྱང་རེད། ད་བར་བོད་པ་སྐྱབས་བཅོལ་བ་རྣམས་ལ་རྒྱ་གར་དབུས་དང་མངའ་སྡེའི་གཞུང་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གང་གཟབ་གནང་ཡོད་ཀྱང། གལ་སྲིད་བོད་པ་ལ་རྒྱབ་སྐྱོར་མེད་མཁན་གྱི་མི་སྣ་ཞིག་མངའ་སྡེའི་གཞུང་འཛིན་དུ་སླེབས་སོང་ན་སྔར་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་མི་ཆོག་པ་ཞིག་གང་ཡང་མིན།

དེར་བརྟེན་འོས་བསྡུ་ཆེན་མོ་འདི་གཉིས་ཀྱི་ནང་ནས་བོད་པ་ལ་ཁྱད་པར་དང་འབྲེལ་བ་གང་ཆེ་བ་ཡོད་གསལ་པོ་ཤེས་ཐུབ་པ་ཞིག་ཏུ་གྱུར་ཡོད། སྤྱི་ཡོངས་ནས་ད་བར་སྤྱིར་རྒྱ་གར་གཞུང་དང་ཡང་སྒོས་ཧི་མ་ཅལ་མངའ་སྡེའི་གཞུང་ནས་བོད་པ་ལ་རྒྱབ་སྐྱོར་གནང་བ་ནི། སུ་གཅིག་དང་མཚུངས་བསྡུར་བྱ་ཐབས་མེད་ཀྱང། གོང་དུ་བརྗོད་པ་བཞིན་བོད་དོན་ལ་རྒྱབ་སྐྱོར་དང་སྲིད་བྱུས་ག་རེ་བཟུང་ཡང་འཛིན་སྐྱོང་གི་ཐག་གཅོད་ཙམ་ལ་རག་ལས་ཡོད་སྟབས། བོད་མི་ཡོངས་ཀྱིས་ཁྲིམས་དང་འགལ་བའི་ལས་དོན་རིགས་ལ་གཟབ་མ་ཐུབ་ན། མི་གཅིག་གཉིས་ཀྱི་བདེ་སྡུག་ཙམ་མིན་པར་བོད་པ་སྤྱི་ཡོངས་ཀྱི་གནས་སྟངས་ལ་ཁྱད་པར་ཆེན་པོ་བཟོ་སྲིད་པ་ཞིག་རེད། དེར་བརྟེན་ཚང་མས་གཟབ་ནན་གྱིས་ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་ཁུར་དགོས་པ་དེ་ཡང་གལ་ཆེན་པོ་རེད་ཅེས་པ་ཞར་བྱུང་དུ་ཐལ།།