སློབ་མ་དང་དགེ་འདུན་པའི་རེ་སྐུལ།

རྒྱ་ནག་དམར་ཤོག་སྐབས་ ༡༨ པའི་ཚོགས་ཆེན་འཚོག་ལ་ཉེ་སྐབས་དང་བསྟུན་ཏེ། བོད་ནང་གི་སློབ་ཆེན་ཁག་གི་དགེ་སློབ་དང་། དགོན་སྡེ་ཁག་གི་དགེ་འདུན་པ་ཁག་ཅིག་གིས་བོད་ཀྱི་གནད་དོན་སྐོར་གྱི་རེ་འདུན་ཞུ་ཡིག་ཅིག་རྒྱ་ནག་དབུས་གཞུང་ལ་ཕུལ་ཡོད་འདུག

ཕྱི་ཟླ་ ༡༠ ཚེས་ ༥ ཉིན་རྒྱ་གཞུང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ལས་ཁུངས་ཁག་ལ།   བོད་ནང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་སློབ་གསོ་སློབ་ཆེན་བཅས་སློབ་ཆེན་ཁག་དང་། མཚོ་ལྷོ་དགེ་ཐོན་སློབ་གྲྭ  དེ་བཞིན། བོད་ཁུལ་གྱི་མཐོ་འབྲིང་སློབ་གྲྭ་ཁག་གི་དགེ་སློབ་ཁག་ཅིག་དང་། དགོན་སྡེ་ཁག་གི་དགེ་འདུན་པ་ཁག་ཅིག་བཅས་མཉམ་རུབ་ཐོག མཚན་རྟགས་བཀོད་པའི་རེ་འདུན་ཞུ་ཡིག་ཅིག་ཕུལ་ཡོད་འདུག  རེ་འདུན་ཞུ་ཡིག་དེར་གཙོ་བོ་དོན་ཚན་བརྒྱད་ཡོད་འདུག

དོན་ཚན་དང་པོ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཀྱི་རྩ་བ་ནི། མི་རིགས་འདྲ་མཉམ་དང་མི་རིགས་ཕན་ཚུན་བར་བརྩི་མཐོང་། སྲིད་འབྱོར་རང་དབང་དང་བཙན་གནོན་མེད་པའི་ཁོར་ཡུག་བཅས་ཡིན་སྟབས། རྒྱ་ནག་དབུས་གཞུང་གིས་མི་རིགས་ལ་བརྩི་མཐོང་དང་བཙན་གནོན་མེད་པའི་ཁོར་ཡུག་བསྐྲུན་པར་བསམ་བློ་གཏོང་རྒྱུ།

གཉིས་པ། བོད་རིགས་ཀྱི་རང་སྐྱོང་ལྗོངས་དང་ཁུལ། རྫོང་བཅས་སུ་ཡོད་པའི་སྲིད་གཞུང་གི་ལས་ཁུངས་ཁག་ཏུ་རྒྱའི་སྐད་ཡིག་དང་འདྲ་མཉམ་ཐོག  བོད་སྐད་དང་བོད་ཡིག་བེད་སྤྱོད་གཏོང་རྒྱུར་འདྲ་མཉམ་ཐོབ་ཐང་སྤྲོད་རྒྱུ་དེ་མི་རིགས་འདྲ་མཉམ་གྱི་རྨང་གཞི་ཡིན་སྟབས་གཞུང་ཕྱོགས་ནས་དེའི་ཐད་བསམ་བློ་གཏོང་རྒྱུ།

གསུམ་པ། བོད་མི་རིགས་གཞི་རྩའི་གོང་འཕེལ་གཏོང་བར་སྡོད་ཁང་གསར་རྒྱག་སོགས་ཕྱིའི་འཛུགས་སྐྲུན་གཅིག་པུ་མིན་པར། བོད་ཀྱི་སྐད་ཡིག་སྡེ་ཁག་ཡོད་པའི་མི་རིགས་སློབ་ཆེན་ཁག་ཏུ་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད། ཁྲིམས་ལུགས། དཔལ་འབྱོར། ཚན་རིག  སྤྱི་ཚོགས་རིག་པ་བཅས་ཆེད་ལས་མཁས་པ་སྐྱེད་སྲིང་བྱེད་སའི་སྡེ་ཁག་གསར་འཛུགས་ཀྱིས་བོད་རིགས་ཤེས་ལྡན་པ་མང་པོ་སྐྱེད་སྲིང་བྱ་དགོས་པ་དང་། དེ་ནི་མི་རིགས་འཕེལ་རྒྱས་ཀྱི་གཞི་རྩའི་ལམ་སྲོལ་དང་། ཤེས་རིག་གསར་པ་དར་སྤེལ་གྱིས་མི་རིགས་གོང་འཕེལ་འགྲོ་བའི་གཞི་རྩ་ཡིན་སྟབས། དེའི་ཐད་བསམ་བློ་གཏོང་རྒྱུ།

བཞི་པ། བོད་ཁུལ་གྱི་སློབ་འབྲིང་ཁག་གི་སློབ་དེབ་ཆ་ཚང་རྒྱ་ཡིག་ཏུ་སྒྱུར་བ་དེ་མི་ རིགས་མཐོང་ཆུང་གི་སྲིད་ཇུས་གདུག་རྩུབ་ཅན་ཞིག་ཡིན་སྟབས། རྒྱ་ནག་དབུས་གཞུང་གིས་ངེས་པར་དུ་བསྒྱུར་བཅོས་བྱ་རྒྱུ།

ལྔ་བ། བོད་མི་རིགས་ནི་ཕྱིའི་དཔལ་ཡོན་ཁོ་ནར་རྩོད་ལེན་དང་གདེང་འཇོག་བྱེད་མཁན་གྱི་མི་རིགས་ཤིག་མིན་པར། བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་འདྲ་མཉམ་ཐོག་མཐོང་ཆེན་དང་གདེང་འཇོག་ བྱེད་མཁན་ཞིག་དང་། བསམ་པའི་དཔལ་ཡོན་དེ་དངོས་པའི་དཔལ་ཡོན་ལས་གཙོ་ཆེར་མཐོང་ཆེན་བརྩི་འཇོག་བྱེད་པའི་མི་རིགས་ཤིག་ཡིན་སྟབས། བོད་ཁུལ་དུ་ཆོས་ལུགས་དད་མོས་དང་གནས་སྟངས་ལ་བསྟུན་ཏེ་རང་དབང་དང་ཐོབ་ཐང་སྤྲོད་རྒྱུ།

དྲུག་པ། བོད་ཀྱི་ས་ཆར་ཆབ་སྲིད་ཀྱི་དབང་ཆ་ཡོད་པའི་བོད་རིགས་ལས་བྱེད་གསོ་སྐྱོང་བྱ་བར། གུང་ཁྲན་ཏང་གི་མངོན་འདོད་དང་དགོས་འདུན་ཁོ་ནར་དམིགས་ཏེ་དགོན་སྡེ་ཁག་ཏུ་དོ་དམ་ཞབས་ཞུ་བསྒྲུབ་རྒྱུ་མིན་པར། ཆབ་སྲིད་ཀྱི་དབང་ཆ་ངོ་མ་ཡོད་པའི་བོད་རིགས་ལས་བྱེད་གསོ་སྐྱོང་བྱ་རྒྱུ།

བདུན་པ། བོད་ཁུལ་དུ་རྒྱ་རིགས་དང་ཁ་ཆེ་བཅས་མི་རིགས་མང་པོ་གནས་སྤོར་བྱས་ཏེ། བོད་ཀྱི་ས་ཆའི་བདག་པོ་ངོ་མ་གྲངས་ཉུང་མི་རིགས་དུ་འགྱུར་བཞིན་པའི་གནས་སྟངས་དེས། བོད་རིགས་མང་པོ་ཞིག་གི་སེམས་ལ་ཕོག་ཐུག་འགྲོ་བཞིན་པ་དང་བློ་འཚབ་སྐྱེ་གཞི་ཞིག་ཡིན་པས་དེ་ལ་བསམ་བློ་གཏོང་རྒྱུ།

བརྒྱད་པ། དབུས་གཞུང་གི་གཏན་འབེབས་བྱས་པའི་ཁྲིམས་སྲོལ་མི་རིགས་རང་སྐྱོང་གི་སྲིད་ཇུས་ངོ་མ་ལག་བསྟར་གཙང་མ་བྱ་རྒྱུ་དང་།  བོད་ཀྱི་ས་ཁུལ་དུ་ཚད་ལས་བརྒལ་བའི་གཏེར་ཁ་སྔོག་འདོན་དང་། འབྲོག་པ་གྲོང་རྡལ་ཅན་དུ་བསྒྱུར་བའི་སྲིད་ཇུས་དེ་བསྒྱུར་བཅོས་བྱ་རྒྱུ། བོད་མི་རིགས་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལྷ་ཀླུ་བསྙེན་བཀུར་དང་། ནང་ཆོས་ཀྱི་རིག་གཞུང་ལྟར་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ་འཚོ་བ་རོལ་བཞིན་པའི་མི་རིགས་ཤིག་ཡིན་སྟབས། བོད་པའི་རིག་གནས་དང་གོམས་གཤིས་སོགས་ལ་ཚད་ལས་བརྒལ་བའི་རྡོག་བརྫིས་གཏོང་བཞིན་པ་དེས། བོད་མིའི་སེམས་ཁམས་ལ་བཟོད་ཐབས་བྲལ་བའི་ན་ཟུག་ཡོད་སྟབས། གནད་དོན་དེའི་ཐད་བསམ་བློ་གཏོང་རྒྱུ།།